ཨ་རིའི་སློབ་ཡོན་ནང་ལ་ཕེབས་མཁན་ཚོ་བཙན་བྱོལ་བོད་གཞུང་དང་། སྤྱི་ཚོགས་ཁྲོད་ཀྱི་མི་དྲག་གྲས་ཚོ་ཆགས་ཡོད། འོ་མའི་སྙིང་བོ་ལྟ་བུ་རེད། འོན་ཀྱང་ཕར་ཕེབས་ཚར་རྗེས་སོ་སོའི་འཚོ་བའི་ནང་མགོ་འཁོར་བསྡད་པ་ཡིན་ན། བོད་སྤྱི་པ་ལ་གྱོང་ཆགས་ཡོད་པ་མ་ཟད། སོ་སོ་སྒེར་ལ་མཚོན་ནའང་མི་ཚེ་སྐྱེལ་ཐབས་ཙམ་མ་གཏོགས། མི་ཚེ་སྐྱེལ་སྟངས་དེ་རྣམ་དཔྱོད་ལྡན་པ་ཞིག་མ་རེད། ཅེས་ཤེས་རིག་བཀའ་བློན་མཆོག་གིས་གསུངས་ཡོད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་དབྱིན་ཡིག་གི་དྲ་རྒྱ་གསར་པ་( www.tsapalumni.com ) དེ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་ཕེབས་འདུག ཐོག་མར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཨ་རིའི་སློབ་ཡོན་སློབ་ཟུར་ཚོགས་པའི་གནས་བབ་ངོ་སྤྲོད་གནང་དོན། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པ་དེ་ཐོག་མ་ ༡༩༨༨ ལོར་མགོ་འཛུགས་གནང་འདུག སློབ་ཡོན་དེ་ཨ་རིའི་གཞུང་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལ་གནང་སྟེ། ད་བར་སློབ་ཕྲུག་ ༣༦༤ ཙམ་ལ་སློབ་ཡོན་ཕུལ་འདུག དེ་དག་ཁྲོད་ཀྱི་སློབ་ཟུར་ ༡༢༥ ཙམ་གྱིས་ད་ཆར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་བཅས་སུ་ཕྱག་ལས་གནང་མུས་རེད། སློབ་ཟུར་ ༢༩ ཙམ་གྱིས་ཨ་རིར་སློབ་སྦྱོང་མུ་མཐུད་གནང་བཞིན་འདུག ཡིད་སྐྱོ་བ་ཞིག་ལ་སློབ་ཟུར་ ༧ ཙམ་འདས་གྲོངས་སུ་ཕྱིན་འདུག སློབ་ཟུར་ ༡༤༠ ཙམ་གྱིས་ལོ་འགའ་རེར་ཞབས་ཞུ་ཞུས་མཐར་སྒེར་གྱི་བྱ་བའི་དགོས་དབང་གིས་ཕྱི་རྒྱལ་ཁག་ལ་ཕེབས་འདུག སློབ་ཕྲུག་ ༧༠ ཙམ་གྱིས་སློབ་ཡོན་བླངས་རྗེས་རྩ་བ་ནས་ཕྱིར་ལོག་མི་འདུག ཅེས་གསུངས་བྱུང་།
ཁོང་མོས་མུ་མཐུད་དུ་གསུངས་དོན། སྤོབས་པའི་ཐོག་ནས་ཞུ་རྒྱུ་ཞིག་ལ། གཞུང་ལ་ཞབས་ཞུ་སྒྲུབ་བཞིན་པའི་སློབ་ཕྲུག་ཁྲོད། སྤྱི་འཐུས་ནང་དུ་འདུག་ཅིང་། བཀའ་བློན་གནང་བཞིན་པའང་ཡོད། བཙན་བྱོལ་ནང་གི་སྨན་ཁང་ཁག་གི་དྲུང་ཆེ་མང་ཆེ་བ་སློབ་ཟུར་ཚོ་རེད། གཞན་སློབ་གྲྭ་ཁག་ཏུ་དགེ་རྒན་དང་དབུ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་སུ་སྤྱི་ཚོགས་ཞབས་ཞུས་ལས་དོན་སྒྲུབ་བཞིན་འདུག འདི་དག་ཡོངས་རྫོགས་ཨ་རིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་མིར་ངོས་འཛིན་བྱེད་ཀྱིན་ཡོད། སློབ་ཟུར་ཚོགས་པ་འདི་ ༡༩༩༩ ལོར་གསར་འཛུགས་གནང་འདུག་ལ། ང་ཚོ་སློབ་ཟུར་ཚོགས་པའི་རྒྱུན་ལས་སྐབས་དྲུག་པ་ཆགས་ཡོད། ད་ལོའི་ཕྱི་ཟླ་ ༥ ཚེས་ ༢ ལ་ང་ཚོའི་དུས་ཡུན་རྫོགས་ཏེ་རྒྱུན་ལས་གསར་འདེམ་གྱི་མཛད་སྒོ་ཞིག་ཚོགས་གཏན་འཁེལ་ཡོད། སློབ་ཟུར་ཚོགས་པ་འདིར་ལས་དོན་མང་པོ་ཞིག་ཡོད་པ་རེད། ལས་ཁུངས་མེད་སྟབས་ཐོག་མར་ལས་ཁུངས་ཤིག་འཛུགས་རྒྱུར་འབད་བརྩོན་བྱས་ཀྱང་། དེའི་ཐད་ང་ཚོར་སུས་ཀྱང་རོགས་རམ་གནང་མ་སོང་། ང་ཚོར་རྒྱུན་ལས་མི་གསུམ་ལས་མེད་སྟབས། དཀའ་ངལ་ཆེ་ཤོས་ཚོགས་མི་ཕན་ཚུན་འབྲེལ་བ་བྱ་རྒྱུ་དེ་རེད། དྲ་ཚིགས་ཤིག་བཟོས་པ་ཡིན་ན་དཀའ་ངལ་དེ་སེལ་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་སྟབས། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ལ་རེ་འདུན་ཞུས་པ་ལྟར། རོགས་རམ་ཐོབ་སྟེ་དྲ་ཚིགས་འདི་བཟོ་ཐུབ་པ་བྱུང་བ་རེད། དྲ་ཚིགས་འདི་བརྒྱུད་དེ་སློབ་ཟུར་ཚོས་བོད་པའི་སྤྱི་ཚོགས་ནང་ལས་དོན་གང་བྱས་པ་གསལ་བོ་ཡོང་བའི་རེ་བ་ཡོད། ཅེས་གསུངས་ངོ་སྤྲོད་གནང་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་གསུང་བཤད་གནང་དོན། དེང་སྐབས་དུས་ཚོད་དང་མཉམ་དུ་འགྲོ་དགོས་སྟབས། མི་རེ་རེར་ཡི་གེ་བྲིས་ཏེ་གཏོང་བའི་དུས་ཚོད་ཡོལ་ཚར་བ་རེད། གནས་ཚུལ་གཏོང་མཁན་ཞིག་ཡིན་ན་ཁོངས་སོ་སོའི་དྲ་རྒྱའི་སྟེང་བཞག་སྟེ། དོ་བདག་སོ་སོས་དྲ་རྒྱ་བསྔོགས་ཏེ་གནས་ཚུལ་ལྟ་ཀློག་བྱེད་པའི་དུས་ཚོད་ལ་སླེབས་ཡོད་སྟབས། ཐེངས་འདིར་ཨ་རིའི་སློབ་ཡོན་སློབ་ཟུར་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་བ་དེ་དུས་ལ་བབ་པ་ཞིག་རེད། གོང་དུ་གསུངས་པ་ལྟར་ན། སློབ་མ་ཟུར་པ་ཚོས་བོད་གཞུང་གི་ལས་ཁུངས་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཏུ་ལས་ཀ་བྱེད་ཀྱིན་ཡོད་ས་རེད། དེ་དག་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ཡིན་ཟེར་ན་ད་ལྟའི་ཆར་ང་ཚོར་མི་གང་འཚམ་ཡོད་ཀྱང་། དགོས་མཁོ་ཅན་གྱི་མི་ཞིག་འཚོལ་དགོས་ན་དཀོན་པོ་ཆགས་ཡོད། ཨ་རིའི་སློབ་ཡོན་ནང་ལ་ཕེབས་མཁན་ཚོ་བཙན་བྱོལ་བོད་གཞུང་དང་། སྤྱི་ཚོགས་ཁྲོད་ཀྱི་མི་དྲག་གྲས་ཚོ་ཆགས་ཡོད། འོ་མའི་སྙིང་བོ་ལྟ་བུ་རེད། འོན་ཀྱང་ཕར་ཕེབས་ཚར་རྗེས་སོ་སོའི་འཚོ་བའི་ནང་མགོ་འཁོར་བསྡད་པ་ཡིན་ན། བོད་སྤྱི་པ་ལ་གྱོང་ཆགས་ཡོད་པ་མ་ཟད། སོ་སོ་སྒེར་ལ་མཚོན་ནའང་མི་ཚེ་སྐྱེལ་ཐབས་ཙམ་མ་གཏོགས། མི་ཚེ་སྐྱེལ་སྟངས་དེ་རྣམ་དཔྱོད་ལྡན་པ་ཞིག་མ་རེད། ཅེས་གསུངས་སོང་།
མཇུག་མཐར་ཁོང་གིས་སློབ་ཟུར་ཚོ་ཕྱིར་བོད་པའི་སྤྱི་ཚོགས་ནང་ལོག་སྟེ། ཕྱག་ལས་གནང་བཞིན་ཡོད་པ་ཚོར་བསྔགས་བརྗོད་གནང་དོན། སོ་སོའི་སྤྱི་ཚོགས་ནང་ཕྱིར་ལོག་སྟེ་ཞབས་ཞུ་སྒྲུབ་མཁན་ཚོ་ཧ་ཅང་རྩ་ཆེན་པོ་རེད། དེ་དག་༧གོང་ས་མཆོག་གི་ཞབས་ཞུ་ཆགས་ཡོད་ལ། བོད་གཞུང་དམངས་ཀྱི་ཞབས་ཞུའང་རེད། ཆོས་ཀྱང་དེ་རེད། སྔར་༧གོང་ས་མཆོག་གིས་ང་རང་ཆོས་པ་ཞིག་རེད་དེ། རྒྱབ་བྲག་ལ་སྦྱར་ཏེ་ཆོས་བྱེད་ཐུབ་ཀྱིན་མི་འདུག་མོད། བོད་པའི་རྩ་དོན་སྒྲུབ་པ་དེ་ཆོས་ཆགས་ཡོད། བོད་པའི་རྩ་དོན་དེ་བོད་གཅིག་པུའི་དོན་མིན་པར་འཛམ་གླིང་ཞི་བདེའི་ཆེད་ཡིན་སྟབས། བོད་དོན་བྱེད་པ་དེ་ཆོས་རེད་ཅེས་གསུངས་ཡོད། དེར་བརྟེན། སློབ་གྲྭ་ཐོན་རྗེས་བོད་པའི་སྤྱི་ཚོགས་ནང་ལོག་སྟེ་སྲི་ཞུ་སྒྲུབ་མཁན་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། གོང་ནས་དཀའ་ངལ་ཁ་ཤས་གསུངས་སོང་། དེའི་ཐད་ཚོགས་མི་ཚང་མ་མཉམ་རུབ་ཐོག་ལས་དོན་བྱས་པ་ཡིན་ན་བསྒྲུབ་ཐུབ་པ་ཞིག་རེད་སྙམ། ཚོགས་མི་ཚོ་ཕྱི་རྒྱལ་ཁག་ལ་ཕེབས་ཏེ་དུས་ཚོད་དམ་འཛིན་བྱེད་སྟངས་དང་། ལས་ཀར་ཧུར་ཐག་བྱེད་ཕྱོགས་མཁྱེན་གྱིན་ཡོད་པ་རེད། ཚོགས་པ་ཞིག་ཡིན་ན། དམིགས་ཡུལ་ངེས་ཅན་ཞིག་དགོས་པ་རེད། དམིགས་ཡུལ་ངེས་ཅན་དེའི་འོག་ནས་ལས་ཀ་གང་ཞིག་བྱས་ཀྱང་སྟབས་བདེ་བ་དང་ཁ་གསལ་བ། གྲུབ་འབྲས་ལྡན་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།