མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རྩོམ་རིག་གི་ཚད་གཞི་མཚོན་བྱེད་དུ། སྙན་དངགས་དང། བརྩམས་སྒྲུང། ལྷུག་རྩོམ། དཔྱད་བརྗོད་བཅས་ཀྱི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་བཞི་འདོན་སྤེལ་བྱེད་རྒྱུ་ཡིན་ན། ད་སྔ་དུས་དེབ་གྲགས་གྲས་སོགས་སུ་རྩོམ་ཡིག་གང་མང་སྤེལ་མྱོང་བའི་རྩོམ་པ་པོ་རྒན་དར་གཞོན་གསུམ་རྣམ་པས་རང་རང་གི་བརྩམས་ཆོས་གང་དག་ལས་ལེགས་ཤོས་གསུམ་ལས་མ་མང་བ་རེ་ལྷན་དུ་ངོ་སྤྲོད་མདོར་བསྡུས་རེ་དང་འདྲ་པར་རེ་བཅས་འདི་ལོའི་སྤྱི་ཟླ་བརྒྱད་པ་བར་ལ་གཤམ་གསལ་གློག་འཕྲིན་ཁ་བྱང་གཉི་གའི་ཐོག་གཏོང་གནང་ཡོང་བ་ཞུ།
འདས་གྲོངས་སུ་ཕྱིན་པ་དང་ད་ལྟ་བོད་ནང་དུ་ཕྱིར་ལོག་ཟིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་འདི་ག་མཐུན་ཚོགས་རང་ནས་འདེམས་རྒྱུ་ཡིན།
དེབ་བཞི་ཕྱོགས་བསྒྲིགས་ཟིན་རྗེས་སླར་ཡང་རྩོམ་ལུས་མི་འདྲ་བ་སོ་སོ་ལས་ཨང་དང་པོ་ནས་གསུམ་པའི་བར་གྱི་ལེགས་རྩོམ་འགྲན་སྡུར་གྱི་གཟེངས་རྟགས་ཤིག་ཀྱང་འབུད་ཐུབ་ན་སྙམ། གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། དགོངས་ཚུལ་གཞན་ཡང་ཡོད་ན་གསུང་བར་རིགས།
འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལེགས་རྩོམ་འགྲན་སྡུར་གྲས་སུ་འཇོག་འོས་མིན་ཡང་རྩོམ་པ་པོ་རྣམ་པའི་དགོངས་འཆར་ལ་ཉན་རྒྱུ།
སོ་སོས་རྩོམ་ཡིག་དུས་ལྟར་མ་བསྐུར་ན་ང་ཚོར་འགན་མེད། བསྐུར་བྱུང་བ་རྣམས་ལས་ཀྱང་རྩོམ་ཡིག་ཚད་གཞི་མ་ལོངས་པའི་རིགས་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་འདི་ག་མཐུན་ཚོགས་ཀྱི་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད་པ་བཅས།
tibpen@yahoo.com chapbrag@gmail.com
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༠།༥།༢།