ཉི་ཧོང་དུ་བགྲེས་སོང་བུད་མེད་ཅིག་རང་ལོ་ ༡༡༥ ཐོག་འདས་གྲོངས་སུ་སོང་ཡོད་འདུག་ལ། ཁོ་མོ་ནི་འཛམ་གླིང་ཐོག་ཚེ་ཐག་རིང་ཤོས་ཀྱི་བུད་མེད་དེ་ཡིན་ཟེར།
ཕྱི་ཚེས་ ༥ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་འཛམ་གླིང་བགྲེས་སོང་སྨན་རིག་ཞིབ་འཇུག་ཚོགས་ཆུང་ཞིག་གིས་བརྗོད་དོན་ལྟར་ན། ཚེས་ ༢ ཉིན་འཛམ་གླིང་ཐོག་ལོ་ན་ཆེ་ཤོས་ཡིན་པའི་ཉི་ཧོང་བ་བགྲེས་སོང་བུད་མེད་ཁཱ་མ་ ཆི་ནན་ Kama Chinen མཆོག་ཉི་ཧོང་གི་ Okinawa ཨོ་ཁེ་ན་ཝ་མཚོ་གླིང་དུ་འདས་གྲོངས་སུ་སོང་རྗེས། ཧྥ་རན་སི་ནས་ཡིན་པའི་རང་ལོ་ ༡༡༤ ཅན་གྱི་བགྲེས་སོང་བུད་མེད་བྷི་ལན་ཆར་ཌི་ Blanchard མཆོག་ད་ལྟ་འཛམ་གླིང་ཐོག་ལོ་ན་རྒན་ཤོས་ཀྱི་མི་དེ་ཆགས་ཐུབ་ཡོད་འདུག་ལ། ཁོ་མོ་ནི་ཕྱི་ལོ་ ༡༨༩༦ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ཧྥ་རན་སིར་སྐྱེས་ཡོད་པ་དང་། མི་ལོ་ ༢༠ ཙམ་གྱི་རིང་ཕ་ཡུལ་གྱི་སྨན་ཁང་ཞིག་ཏུ་འཚོ་བ་བསྐྱལ་ཡོད་ནའང་། ལོ་རེའི་རང་ཉིད་ཀྱི་སྐྱེས་སྐར་ཉིན་རང་གི་ཁྱིམ་མི་དང་ལྷན་དུ་དགའ་སྟོན་ལ་རོལ་གྱི་ཡོད་འདུག
ལོ་བརྒྱ་སོན་པའི་བགྲེས་སོང་རིགས་ལ་བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་དེས། དུས་རབས་ ༣ ཙམ་གྱི་དངོས་ཡོད་གནས་ཚུལ་མཐོང་མྱོང་ཡོད་པའི་ཉི་ཧོང་གི་བགྲེས་སོང་བུད་མེད་ཁོང་ནི། ཕྱི་ལོ་ ༡༨༩༥ ལོའི་ཟླ་ ༥ པའི་ཚེས་ ༡༠ ཉིན་སྐྱེས་ཡོད་པ་དང་། ད་ལྟ་ཁོ་མོ་སྐམ་ཞིང་གཟུགས་པོ་ཆུང་དུ་སོང་ཡོད་པར་མ་ཟད། སྐྲ་ལོ་ཡང་དཀར་པོར་གྱུར་ཡོད་ཚུལ་བརྗོད་ཡོད་འདུག ཁོ་མོའི་ཚེ་མཇུག་གི་ལོ་དེ་ཨོ་ཁེ་ནེ་ཝ་ས་ཁུལ་དེའི་སྨན་ཁང་གི་རྒན་གསོ་ཁང་ཞིག་ནས་རྫོགས་ཡོད་འདུག་ལ། ཟླ་འདིའི་ཚེས་ ༢ ཉིན་འདས་གྲོངས་སུ་སོང་བའི་ཁོ་མོར་མཚོན་ན་བདུན་ཕྲག་རྗེས་མའི་ནང་དུ་ལོ་ ༡༡༥ ཡི་སྐྱེས་སྐར་ལ་རོལ་མ་ཐུབ་པ་དེ་ནི་ལས་འཕྲོ་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་འཛམ་གླིང་སྟེང་ལོ་ན་ ༡༠༠ ལས་བརྒལ་བའི་བགྲེས་སོང་ ༧༥ ལྷག་ཡོད་པ་དང་། ཉི་ཧོང་གི་ལོ་ན་ ༡༠༠ ལ་སོན་པའི་གྲངས་འབོར་དེ་འཛམ་གླིང་ཐོག་མང་ཤོས་དེ་ཆགས་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་རྩིས་ལྟར་ན། ཕྱི་ལོ་ ༢༠༥༠ མཚམས་སུ་ཉི་ཧོང་དུ་ལོ་ན་ ༡༠༠ ལ་སོན་པའི་གྲངས་འབོར་དེ་ཁྲི་ཚོ་ ༡༠༠ ལས་བརྒལ་བར་སྔོན་དཔག་བྱེད་བཞིན་ཡོད་འདུག
ལོ་འདིའི་ལོ་མགོར་རྒྱ་ནག་གཞུང་གིས་བསྒྲགས་པ་ལྟར་ན། ལྷ་སའི་ལྷུན་གྲུབ་རྫོང་ནས་ཡིན་པའི་ཨ་མ་ཚེ་རིང་ལགས་ནི་དགུང་ལོ་ ༡༡༩ ཡིན་ཞིང་། ཁོང་ནི་དབུས་གཙང་ཁུལ་དུ་ལོ་ན་རྒན་ཤོས་ཀྱི་བུད་མེད་དེ་ཡིན་པར་བཤད།