ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་ངོས་་གཞན་དེ།

ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ལག་བར་ལ་ལྷུང་བའི་བལ་ཡུལ་འདི་ལ་ད་ནས་བཟུང་ཞི་འཇགས་ཀྱི་གོ་སྐབས་ཇེ་ཉུང་ཡིན། ཉིན་འདི་དག་གི་རིང་སླར་ཡང་ཧི་མ་ལ་ཡའི་རྒྱལ་ཁབ་ཆུང་ཆུང་འདི་ཟུག་གཟེར་དང་བཅས་འགག་བསྡད་ཡོད།

བལ་ཡུལ་ནང་གི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ནི་གོ་བདེ་ཤོས་ནས་བཤད་ན། མའོ་ཤོག་ཁག་གིས་རྒྱ་ནག་གི་ལུགས་ལྟར། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅིག་འཛུགས་རྒྱུ་ཡིན་ཟེར་ལ། བལ་ཡུལ་ཀོང་རི་སི་དང་དམར་ཤོག་གི་ད་ལྟའི་གཞུང་འཛིན་ཚོགས་པས་རྒྱ་གར་གྱི་ལུགས་ལྟར། ཚོགས་པ་སྣ་མང་གི་ལམ་ལུགས་དང་རང་དབང་གི་ཁྲིམས་ཁང་ཡོད་པའི་ལམ་ལུགས་ཤིག་ཏུ་བསྒྱུར་འདོད་ཡོད་པ་རེད། བལ་ཡུལ་འདི་ལྟར་འགག་བསྡད་ཡོད།

བལ་ཡུལ་གྱི་མའོ་ཤོག་ཁག་ཚོ་གྲོང་གསེབ་ཁག་ནས་ཤོར་ཡོང་སྟེ་རྒྱལ་སར་འབྱོར་ཡོད་ལ། ཐེངས་འདིའི་ཞི་བའི་ངོ་རྒོལ་བྱུང་སྟེ་བདུན་ཕྲག་གཅིག་འགོར་གིན་ཡོད་ལ། ད་ལྟའི་གནས་སྟངས་ལ་བལྟས་ན་ཕྱོགས་གཉིས་ཀྱི་སུས་ཀྱང་འགྲིག་འཇགས་ཀྱི་ཚིག་སྣེ་གློད་གིན་མེད་ལ། བལ་ཡུལ་ནང་གི་སློབ་གྲྭ་ཁག་སྒོ་བརྒྱབ་ཅིང་། སློབ་གྲྭ་མང་པོ་ཞིག་ནི་མའོ་ཤོག་ཁག་གིས་བཙན་བཟུང་བྱས་ཡོད།

འདས་པའི་ཉིན་ལྔ་དྲུག་རིང་གི་ངོ་རྒོལ་དེ་དག་ནི་ཞི་བའི་ངོ་རྒོལ་གྱི་རྣམ་པར་ཡོད་ནའང་། ད་སྐབས་མའོ་ཤོག་ཁག་དང་གཞི་རིམ་མང་ཚོགས་ཀྱི་བར་ཕན་ཚུན་སྡང་ཟུག་ལངས་མགོ་བརྩམས་པ་དང་མཉམ་དུ། ངོ་རྒོལ་དེ་ཡང་ཞི་བ་ནས་དྲག་པོའི་ངོ་བོར་འཕེལ་གྱིན་ཡོད་འདུག

མའོ་ཤོག་ཁག་གི་ཐེངས་འདིའི་དགོས་འདུན་ནི་ད་ལྟའི་སྲིད་བློན་དགོངས་པ་ཞུས་ཏེ་དའེི་ཚབ་ཏུ་ཁོ་ཚོའི་མགོ་ཁྲིད་ པུ་ར་ཅན་ཌ་ བསྡད་དེ་མི་དམངས་ཀྱི་སྲིད་གཞུང་ཞིག་འཛུགས་རྒྱུ་འདི་ཡིན།

སྲིད་དོན་ཚོགས་པ་གཞན་པ་དག་གིས་ཀྱང་གཞི་རྩའི་ཆ་ནས་མི་དམངས་ཀྱི་སྲིད་གཞུང་ཞིག་འཛུགས་པར་མོས་མཐུན་བྱས་ཡོད་ཀྱང་། དེའི་དབང་ཚད་ནི་གྲོས་ཚོགས་ཁོ་ནར་ཡོད་ཅིང་། གྲོས་ཚོགས་ནང་དུའང་སྲིད་དོན་ཚོགས་པ་ཁག་གི་ངོས་ལེན་ཡོད་ན་འབྱུང་ཐུབ། གཞུང་འཛིན་ཚོགས་པས་མའོ་ཤོག་ཁག་ལ། ཁྱེད་ཚོ་ཁྲིམས་མཐུན་གྱི་ལམ་ཁ་བརྒྱུད་ཅིང་དམངས་གཙོའི་ལས་རིམ་ལྟར་ཡོང་དགོས་པ་སྟེ། གྲོས་ཚོགས་ནང་ནས་ཐག་གཅོད་དགོས་པ་ལས་རྒྱ་སྲང་ནས་ཐག་གཅོད་ཡོང་ཐུབ་གི་མེད་པའི་བསམ་ཚུལ་བཏོན་ཡོད།

མའོ་ཤོག་ཁག་གིས་བལ་ཡུལ་ནང་དུ་སྲིད་དོན་ཚོགས་པ་རྒྱ་ཆེ་ཤོས་ནི་ཁོ་ཚོ་ཡིན་པ་ཤེས་ཀྱི་ཡོད་ན་ཡང་། གྲོས་ཚོགས་ཀྱི་ལམ་ཁ་དེ་བརྒྱུད་ན་གཞན་གྱི་མཉམ་རོགས་དགོས་ལ། དེ་མི་རག་སྟབས་སྲང་ལམ་ནས་ངོ་རྒོལ་བྱས་ཏེ། རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་འདི་བརྩམས་པ་རེད། ངོ་རྒོལ་དེ་ཕྱི་ཚེས་ ༢ ཉིན་ནས་མགོ་བཙུགས་ཡོད།

བལ་ཡུལ་གྱི་ཐོན་ཁུངས་ཆེ་ཤོས་ཤིག་ནི་ཡུལ་སྐོར་སྤྲོ་འཆམ་པ་ཡིན། ལོ་སྔོན་མར་ཡུལ་སྐོར་བ་འབུམ་ ༥ ལྷག་ཙམ་བལ་ཡུལ་དུ་ཡོང་ཡོད། ཉིན་འདི་དག་ལའང་ཡུལ་སྐོར་བ་སྟོང་ཕྲག་ལྷག་བལ་ཡུལ་དུ་ཡོད་ཀྱང་། ཕྱི་ཚེས་ ༢ ཉིན་གྱི་རྒྱལ་ཡོངས་ངོ་རྒོལ་གྱི་སྐབས་ནས་བཟུང་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་ཕལ་ཆེ་བ་སྒོ་བརྒྱབ་ཡོད་སྟབས་རྒྱལ་སྤྱིའི་ཡུལ་སྐོར་བ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག

བལ་ཡུལ་ནང་དུ་ཟིང་འཁྲུག་གི་མགོ་བསླངས་པ་དང་མཉམ་དུ་རྒྱ་གར་གྱིས་བལ་ཡུལ་དང་རྒྱ་གར་གྱི་མཐའ་མཚམས་ལ་འགོག་སྡོམ་བྱ་མགོ་བརྩམས་ཡོད་པ་རེད།

རྒྱ་གར་ནས་བལ་ཡུལ་ལ་འཛུལ་སའི་འགག་སྒོ་སྦེར་སྒོ་ཇི་ཞེས་པར་མའོ་ཤོག་ཁག་དང་མང་ཚོགས་བར་གདོང་ཐུག་གི་ལག་འཛིང་མི་ཤོར་ཆེད་དམ་རྒྱ་བསྒྲགས་ཡོད་པ་རེད། དེ་བཞིན་དུ་ཀ་ཐུ་མན་གྲུ་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུའང་དྲག་པོའི་གདོང་ཐུག་གི་རྣམ་པ་ཡོང་གིན་ཡོད་ལ། ཚོང་བ་མང་པོ་ཞིག་གིས་ལག་ལ་སྨྱུག་མའི་རྒྱུག་པ་འཁྱེར་མཁན་གྱི་མའོ་ཤོག་ཁག་གི་ཕོ་གསར་ཚོར་ཁ་གཏད་གཅོག་ཐམས་མ་འགྲིག་པར་བསྡད་ཡོད།

དབྱིན་ཇི་དང་ཧྥ་རན་སི། ཧྥིན་ལན་ཌི། ཌན་མེག འཇར་མན་སོགས་ཚུད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་སུ་མེད་མཁན་ནོར་ཝེ་དང་སུད་སི་སོགས་བལ་ཡུལ་ནང་གི་སྲིད་དོན་གྱི་ཟིང་ཆ་འདིའི་ཐད་སེམས་ཁྲལ་དང་བཅས། ཕྱི་ཚེས་ ༥ ཉིན་རྒྱལ་ཁབ་འདི་དག་གི་དོན་གཅོད་པ་རྣམས་བལ་ཡུལ་གྱི་སྲིད་བློན་ལ་མཇལ་འཕྲད་ཀྱིས་འབྱུང་འགྱུར་གྱི་ཉིན་ཤས་རིང་མའོ་ཤོག་ཁག་དང་མཉམ་དུ་ཞི་མོལ་བྱས་ཏེ་འགྲིག་འཇགས་ཀྱི་ཐབས་ལམ་ཞིག་འཚོལ་རྒྱུའི་སྐུལ་མ་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་ངོས་་གཞན་དེ།

  1. ཆུ་ཤུར་མིག་དམར་

    ཁོ་རེ་ནེ་པཱ་ལེ་་་་ཁྱོད་ཚོ་ཟིང་ཆ་དང་རྙོག་ཁྲ་ག་རེ་བསླང་ཡང་ངེད་བོད་པ་ཚང་ལ་་སྡུག་པོ་བཏང་མི་ཆོག་

  2. ཀརྨ་རྡོ་རྗེ།

    ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་སུ་མེད་མཁན་ནོར་ཝེ་དང་སུད་སི་སོགས་བལ་ཡུལ་ནང་གི་སྲིད་དོན་གྱི་ཟིང་ཆ་འདིའི་ཐད་སེམས་ཁྲལ་གནང་བ་ནི། བལ་ཡུལ་དུ་འཚོ་གནས་པ་ཚོར་བཀའ་དྲིན་ཆེན་པོ་རེད།