ཉིན་འདི་འགར་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ལོ་འདིའི་ནང་ལ་དྭགས་ཤར་ཕྱོགས་རྒྱ་གར་ས་ཁོངས་སུ་རྒྱ་ནག་གི་དམག་མི་ཡང་ཡང་སིམ་འཛུལ་བྱེད་ཀྱིན་ཡོད་པ་དང་། གཟའ་འཁོར་སྔོན་མའི་ནང་ལ་དྭགས་དང་བོད་ཀྱི་ས་མཚམས་དཔལ་མགོན་མཚོ་ཁུལ་དུ་མཚོན་ཆ་ཐོགས་པའི་རྒྱ་ནག་གི་དམག་མི་ཐེངས་གསུམ་ལ་སླེབས་ཡོད་སྐོར་བཀོད་འདུག ལ་དྭགས་ཁུལ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་ ༤༠༥༧ ཙམ་གྱི་བདག་དབང་ཐད་རྒྱ་དཀར་ནག་བར་ཚོར་ཤུགས་སྐྱེན་པོ་ཡོད་པ་མ་ཟད། ཧི་མ་ཅཱལ་དང་འབྲས་ལྗོངས། ཨ་རི་ན་ཅཱལ་སོགས་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ལ་རྩོད་ཉོག་ལྷག་ཡོད།
གོང་གི་གནད་དོན་དེའི་ཐད་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཅཱང་གིས་གསར་འགོད་པར་ལན་འདེབས་བྱས་པའི་ནང་། ཀྲུང་གོའི་ཕྱོགས་ནས་རྒྱ་གར་དང་མཐའ་མཚམས་ཀྱི་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་སྔ་ཕྱི་བར་གསུམ་དུ་ཁ་གསལ་བོ་དང་འགྱུར་བ་མེད་པ་ཞིག་ཡིན། ད་ཆར་གྲོས་མོལ་བརྒྱུད་གནད་དོན་དེ་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་མུས་ཡིན། འོན་ཀྱང་། མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་མ་བྱས་སྔོན་ལ། ཀྲུང་གོ་དང་རྒྱ་གར་མཉམ་འབྲེལ་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་། ཞོད་འཇགས་སྲུང་སྐྱོབ་ཡར་རྒྱས་ཐད་ཕྱོགས་གཉིས་ཀ་མོས་མཐུན་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་མཐའ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་སྐབས། གོང་གི་རྩ་དོན་དེ་དག་ཚུལ་བཞིན་བརྩི་སྲུང་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག