གསང་མིང་འོག་གི་འཇབ་རྒོལ་བ་དང་རྨས་མ་ཚོ།

ཁྱེད་ལ་དཀའ་ངལ་ཡོད་ན་གསང་མིང་བེད་སྤྱད་བྱེད་ལོས་ཆོག ཡིན་ནའང་། ཁྱེད་ཀྱིས་གསང་མིང་གི་འོག་ནས་མི་གཞན་ལ་དོན་མེད་ཀྱི་དཀའ་ངལ་མ་སྤྲོད། གཞི་མེད་སྐྱོན་འཛུགས་དང་སྐུར་འདེབས་དེ་དག་ནི་དྲ་ཐོག་གི་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་ཁོར་ཡུག་ལ་གཏོར་སྐྱོན་དུ་འགྱུར་གྱིན་འདུག

ཉེ་ཆར་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་དྲ་ཐོག་གི་གསལ་འདེབས་ཤིག་ཏུ། སྨྱུག་མིང་གི་འོག་ནས་སྐྱོན་འདོགས་དང་དམའ་འབེབས། ཚིག་མཚོན་འདེབས་པའི་རིགས་ལ་དུས་ནས་དུས་སུ་ཚོད་འཛིན་བྱེད་ཀྱིན་ཡོད་ནའང་། དེ་ཚོའི་རིགས་སླེབ་པ་ཙམ་གྱིས་དྲ་ངོས་ཀྱི་མི་མང་པོ་ཞིག་ལ་རང་བཞིན་གྱིས་སུན་སྣང་དང་། ཐ་ན་དྲ་ངོས་དེ་ཁ་ཕྱེ་རྒྱུར་ཡང་སེམས་ཀྱི་དཀའ་ངལ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྟབས་སྟངས་འཛིན་བྱ་དགོས་བྱུང་། ཞེས་གསུངས་ཡོད།

འདི་གའི་གསར་འགོད་པས་སྨྱུག་མིང་འོག་ནས་འབྲི་མཁན་དག་གི་དགེ་སྐྱོན་ཐད་ལ་དྲ་ངོས་ཀྱི་རྩོམ་པ་པོ་འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་ཞུས་པར། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས། དྲ་རྒྱའི་བརྒྱུད་ལམ་ན། གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་ཀྱིན་པའི་གནས་སྟངས་དེ་ནི། དངོས་མིང་མི་གསལ་བར་གསང་མིང་ཅན་ཁོ་ན་ལས། དངོས་མིང་སྤྱོད་མཁན་ཚོས་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་བྱེད་ཀྱི་མེད་པ་དེ་འདྲ་མ་རེད། མང་ཉུང་གི་ཁྱད་པར་ཙམ་རེད། གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མང་ཉུང་གི་ཆ་ནས་བལྟས་ན། དངོས་མིང་བཀོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་ཉུང་བ་དང་། སྨྱུག་མིང་འོག་གབ་ནས་སྡོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་མང་བ་ཡོད་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། ད་ལྟ་དྲ་བདག་ཚོས་འདིའི་སྐོར་ལ་སྟངས་འཛིན་བྱེད་བདེའི་ལམ་ཁ་བརྒྱ་ཁ་གཅིག་ཆོད་ཅིག་རག་གི་མེད་པའང་གནས་སྟངས་འདི་ལ་འབྲེལ་བ་ཡོད་པ་ཞིག་རེད། ཅེས་གསུངས།

བོད་ཀྱི་དུས་བབ་ཟིན་བྲིས་པ་སྒོམ་སྡེ་ལྷ་རམས་པ་ལགས་ཀྱིས། ངེད་ཀྱི་བསམ་ཚུལ། གསང་མིང་འོག་ནས་མི་གཞན་དང་གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་བཞིན་པ་འདི་ནི་ཧ་ཅང་གི་གལ་ཚབས་ཆེན་པོ་ཞིག་ཏུ་མཐོང་། འདིའི་རིགས་ཀྱིས་མི་སྒེར་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཙམ་མ་ཟད། བོད་མིའི་ཚོགས་པ་སྤྱིའི་ཁྲོད་དུ་ནང་ཁུལ་ལ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཐོག་ལ་དབྱེན་སྦྱོར་དཀྲུག་ཤིང་ཚབས་ཆེན་པོ་བཟོས་ཏེ། མཐུན་པ་མི་མཐུན་པར་བཟོ། མི་མཐུན་པ་རྒྱང་རིང་དུ་གཏོང་བའི་ལས་ཀ་ཚབས་ཆེན་བྱེད་ཀྱི་འདུག དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་།  ཞེས་དང་། ཡང་སྔོན་མ་ཡིན་ན་དུས་བབ་ཚང་ལ་མཆན་འདེབས་མཁན་སྤུས་དག་དེ་འདྲ་མང་པོ་ཡོད། ད་ལྟའི་ཆར་ཧ་ལམ་མཐོང་རྒྱུ་མི་འདུག

རྙོག་ཁྲ་འདི་སེལ་ཐབས་ནི་ཁྱེད་ཅག་ལས་ལྷག་པ་ཞིག་སུས་ཀྱང་ཤེས་ཀྱི་མ་རེད། ངེད་ལ་ནི་བསམ་འཆར་རེ་ཟུང་ཞིག་མ་གཏོགས་གཞན་དམིགས་བསལ་གང་ཡང་ཤོད་རྒྱུ་མེད། འོན་ཀྱང་དམ་བསྒྲགས་དང་སྟངས་འཛིན་ནི་དགོས་ངེས་སུ་མཐོང་། ཞེས་གསུངས།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ང་ནི་སྨྱུག་མིང་ངམ་གསང་མིང་གབ་མིང་སོགས་ལ་འདོད་པ་མེད་མཁན་ཞིག་མིན། ཡིན་ནའང་ད་ལྟའི་རང་རེའི་ཟིན་བྲིས་པའི་སྡེ་དང་མཆན་འདེབས་པའི་སྡེ་ལ་གཞིགས་ཏེ་ང་རྦད་དེ་དེའི་རིགས་ལ་ཡིད་སུན་ཡོད། ཡིན་ནའང་། དེའི་རིགས་ཡོད་ཚད་དེ་འདྲ་མིན་པར་སེམས། ང་ཚོས་དེའི་རིགས་བགར་སྐབས་རྣམ་པ་གསུམ་དུ་དབྱེ་ཆོག  དང་བོ། སྨྱུག་མིང་འབྲི་མཁན་ཁ་ཤས་ཀྱིས་དགོས་དབང་གིས་རྩོམ་ཡིག་འབྲི་བ་དང་བསམ་ཚུལ་འདོན་གྱི་ཡོད། དེའི་བསམ་ཚུལ་དེ་སྤྱི་ཚོགས་ལ་ཕན་གནོད་གཉིས་ལས་ཕན་པའི་རིགས་ཡོད་པའང་ཡོད། དེའི་རིགས་ལ་སྲུང་སྐྱོབས་བྱེད་དགོས་པ་འདྲ། གཉིས། སྨྱུག་མིང་ངམ་གསང་མིང་འབྲི་མཁན་ཁག་ཅིག་གིས་ཆེད་དུ་སྤྱི་ཚོགས་ལ་གཏོར་བཤིག་གཏོང་གི་ཡོད། དེའི་རིགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་གོང་བུར་གཏོར་བཤིག་གཏོང་མཁན་གྱི་གཏེ་བོ་རེད། གསུམ། ཡང་མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ཅེས་གསུངས། 

ཁེ་ན་ཌར་གནས་བཞུགས་ཁང་གསར་རྡོ་རྗེ་ལགས་ཀྱིས། གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད།  དེ་གཅིག་ཡིན། དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག དཔེར་ན། ངས་སྐུ་ཕྱྭའི་སྐོར་གྱི་རྩོམ་ཞིག་སྤེལ་ན།  སྐུ་ཕྱྭའི་སྐོར་ནས་བགྲོ་གླེང་བྱེད་དགོས་རེད། དེ་མིན་དེ་འབྲི་མཁན་སྒེར་གྱི་སྐྱོན་སྒང་ལ་ཕྱིན་ན། གཅིག་ནས་སྐབས་དོན་དང་མ་འབྲེལ་བ་དང་། གཉིས་ནས་བགྲོ་གླེང་ཡག་པོ་ཡོང་གི་མ་རེད། གསུམ་ནས་གང་ཟག་བྱེ་བྲག་པའི་སྒེར་གྱི་གནས་ཚུལ་དེ། སྤྱི་པའི་གནད་དོན་ནམ་སྐབས་དོན་དང་འབྲེལ་ཆེ་བ་མིན་ན་བརྒྱུད་ལམ་ཐོག་གླེང་རུང་བ་ཞིག་མ་རེད།  ཡང་གང་ཟག་བྱེ་བྲག་པའི་སྐོར་དེ་སྐབས་དོན་དང་འབྲེལ་བའམ་སྤྱི་པའི་གནད་དོན་དང་འབྲེལ་བ་ཡོད་ན་བཤད་འཇུག་དགོས། དཔེར་ན། ཁང་གསར་རྡོ་རྗེས་རྟག་པར་ཤོ་སྦག་རྩེ་བཞིན་དུ། ཤོ་སྦག་རྩེས་ན་ཡག་པོ་མེད་པའི་རྩོམ་ཞིག་བྲིས་ན། སྐྱོན་དེ་གླེང་དགོས། དེ་བཞིན་ངས་ལོ་རྒྱུས་ཀྱི་དེབ་ཆེན་ཞིག་བརྩམས་ཏེ་དེའི་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཆགས་སྡང་ཕྱོགས་རིས་བཏོན་ཡོད་ན། ནམ་རྒྱུན་གྱི་ངའི་བསམ་སྤྱོད་དེ་ཚོ་ཡང་བཤད་དགོས་རེད། དེ་ནི་མི་གཅིག་གི་སྐད་ཆ་དང་ལག་ལེན་མཐུན་མིན་དང་། རང་གིས་བྲིས་པའི་དེབ་དང་རང་གི་བྱ་སྤྱོད་ཀྱི་གནད་དོན་རེད། ཅེས་གསུངས། 

ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་ལགས་ཀྱིས། དྲ་ཐོག་ནས་སྟངས་འཛིན་བྱེད་མིན་དེ་ཕལ་ཆེར་དྲ་བ་རང་ལ་རག་ལས་འདོད།  ཁ་བརྡ་ལྟ་བུ་ཡིན་ན་ཅུང་གུ་ཡངས་པ་རེད་བསམས། འོན་ཀྱང་དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན་ཞེས་གསུངས།

ཡང་གཞི་མེད་སྐྱོན་འཛུགས་རིགས་དང་དྲ་རྒྱའི་ཁོར་ཡུག རྩོམ་པོ་བོ་དང་ཀློག་པ་བོའི་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་འདིའི་རིགས་གཏན་འགོག་བྱེད་དགོས་མིན་དང་། དྲ་རྒྱ་གཙང་མ་ཞིག་ཉར་ཐབས་ཐད་བཀའ་འདྲི་ཞུས་པར། རྡོ་རྗེ་དབང་ཕྱུག་ལགས་ཀྱིས། ནམ་རྒྱུན་གྱི་དྲན་སྟངས་ལ་སྒྲུབ་སླ་བ་དང་དགོས་ངེས་ཅན་དུ་ཡང་མཐོང་གིན་ཡོད་པ་གཅིག་ནི། དུས་བབ་དྲ་ངོས་འདིར་མཚོན་ན། དངོས་མིང་ཡོད་མཁན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་དང་། སྨྱུག་མིང་ཅན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་བཅས་སྡེ་ཚན་གཉིས་སུ་བགོས་ཏེ། དངོས་མིང་བས་དངོས་མིང་བ་ནང་ཕན་ཚུན་ལ་མཆན་བུ་འདེབས་པ་དང་། སྨྱུག་མིང་བ་ཚོའི་ནང་སྨྱུག་མིང་བ་དང་དངོས་མིང་བ་གཉིས་ཀས་མཆན་འདེབས་པའི་དབྱེ་མཚམས་ཤིག་ཕྱེས་པ་ཡིན་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་རྒྱུ་རེད་འདོད། འདི་ལྟར་བཤད་དོན་གང་ཡིན་ཟེར་ན། དངོས་མིང་ཅན་དང་སྨྱུག་མིང་ཅན་ཕྱོགས་གཉིས་ཀའི་ནང་ན་ཚད་ཐུབ་ཀྱི་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཡོད་སྟབས། དངོས་མིང་དང་སྨྱུག་མིང་གི་ཁྱད་མེད་པར་ཁོང་ཚོའི་ཤེས་ཡོན་དང་རྩོམ་རྩལ་ལ་ང་ཚོས་བརྩི་མཐོང་ངེས་པར་བྱེད་དགོས་པ་རེད་དྲན་གྱི་ཡོད། ཅེས་གསུངས་པ་དང་། སྒོམ་སྡེ་ལྷ་རམས་པས། ཟིན་བྲིས་པ་སོ་སོར་མཆན་ཧྲུལ་དེ་དག་བསུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཙམ་མ་ཟད། གཏན་འགོག་བྱེད་རྒྱུའི་ནུས་པའམ་ཆ་རྐྱེན་ཞིག་དགོས་ཀྱི་འདུག དེ་འདྲ་བྱུང་ཚེ་ཁྱེད་རྣམས་ལ་དེའི་ཐོག་རྒྱུན་དུ་ཐུགས་བསམ་བཞེས་མི་དགོས་པར་ལས་སླ་པོ་ཡོང་བ་འདུག ཅེས་གསུངས།

ཡང་ཁང་གསར་རྡོ་རྗེས། རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་བཅས་ཀྱི་དྲ་ལམ་ལ་སྤྱིར་བཏང་གནད་དོན་འདི་གཅིག་མཚུངས་སུ་གནས་འདུག་མ་གཏོགས་ང་ཚོ་བོད་པ་གཅིག་པུར་ཡོད་པའི་གནད་དོན་ཞིག་མ་རེད། འོན་ཀྱང་གོང་དུ་ཞུས་པ་བཞིན། གཞི་མེད་སྐྱོན་འཛུགས་ཡིན་པ་དང་སྐབས་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན། སྤྱི་ཚོགས་ཁྱོན་ཡོངས་དང་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པར་ཕོག་ཐུག་ཆེན་པོ་འགྲོ་བའི་སྐད་ཆ།༼དཔེར་ན། ཆོས་ལུགས་བྱེ་བྲག་པར་དམའ་འབེབས་ལྟ་བུ་༽ དེ་བཞིན་ཚོགས་ཀྱི་དབུས་སུ་དབྱུང་དུ་མི་རུང་བའི་ཚིག་ངན་དང་ཚིག་རྩུབ། སྤྱི་པའི་མཐུན་སྒྲིལ་ལ་གནོད་པའི་བསམ་ཚུལ། གང་ཟག་སྒེར་གྱི་འབྲེལ་ལམ་དང་གནས་ཚུལ་ལྟ་བུ་རྣམས་དྲ་ལམ་དུ་གླེང་སློང་བྱུང་སྐབས། འབྲེལ་ཡོད་དྲ་ཚིགས་བདག་པོས་སྟངས་འཛིན་ནན་པོ་གནང་གི་འདུག་པས། ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ཞིག་རེད། ཅེས་གསུངས།

དེ་བཞིན་མིང་བརྗོད་འདོད་མེད་ཅིང་སྨྱུག་མིང་འོག་གནས་པའི་བོད་ཀྱི་དུས་བབ་ཟིན་བྲིས་པ་ཞིག་གིས། ང་སྨྱུག་མིང་འོག་གབ་སྡོད་བྱས་པར་རྒྱུ་མཚན་གཅིག་ཡོད། ལས་ཀའི་ངོ་བོའི་སྟེང་ནས་གནོན་ཤུགས་ཡོང་གི་འདུག  དེ་ཡོང་དོན་ནི་ང་རང་སྒེར་གྱི་ལས་ཀ་ནི་དྲ་བ་བསྔོག་རྒྱུ་དང་ཟིན་བྲིས་འབྲི་རྒྱུ། མཆན་བུ་འདེབས་རྒྱུ་མ་ཡིན་སྟབས། དངོས་མིང་བཀོད་ཚེ་ཚོགས་གཙོ་དང་དྲུང་ཆེ། ཐ་ན་ལས་བྱེད་ཚང་མས་དྲ་བ་ཀློག་གི་ཡོད་སྟབས། འདི་ལྟར་དྲ་མིང་གི་འོག་ནས་མ་བྲིས་ན་མི་ཡོང་བ་ཞིག་ཆགས་ཡོད། དེའི་སྟབས་ཀྱིས་དགོས་དབང་གིས་དྲ་མིང་བེད་སྤྱོད་གཏོང་དགོས་བྱུང་སོང་། ཞེས་ཟེར།

དེའི་ཐད་འདི་གའི་རྩོམ་སྒྲིག་པའི་གསལ་འདེབས་ཞེས་པར། དགོས་པ་རྒྱུ་མཚན་དམིགས་བསལ་ཡོད་ན་ག་དུས་ཡིན་རུང་དམིགས་བསལ་ལ་ལོས་འཇོག དྲ་ངོས་དང་གསར་ཤོག་གང་དུའང་གཅིག་མཚུངས་ཡིན། དཔེར་ན། བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་གཞན་གྱི་ནང་དུ་ཡོད་ཅིང་། བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་རྒྱུའི་དབང་ཚད་མེད་མཁན་གྱི་རིགས་ཤིག་ཡོད་ལ། དེ་དོན་དངོས་སུ་གསར་ཁང་ལ་ཞུ་མཁན་ཡང་འདུག ལྷག་པར་དུ་སྨྱུག་མིང་གི་འོག་ནས་ཟིན་བྲིས་དམིགས་བསལ་བ་སྤེལ་མཁན་རིགས་ལ་དམིགས་བསལ་ཡོད་པའི་གོ་བརྡ་སྔ་མོ་ནས་སྤྲད་ཡོད་ལ། ཁ་ཉིན་ཡང་དེ་ལྟར་བཤད་ཡོད། ཅེས་གསུངས་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

97 thoughts on “གསང་མིང་འོག་གི་འཇབ་རྒོལ་བ་དང་རྨས་མ་ཚོ།

  1. འདྲེ་རིག་ལྡན།

    བར་སྐབས་འདིར་མི་མང་པོ་ཞིག་གིས་དྲ་འབུས་ཕུ་དཀྲུགས་མདའ་དཀྲུགས་སུ་བཏང་ནས་དྲ་ཐོག་ཏུ་ཡོང་རྒྱུར་འཚེར་སྣང་བྱེད་དགོས་པ་ཞིག་ཆགས་འདུག འདིས་ང་ཚོའི་ཆ་འཕྲིན་གྱི་འཕེལ་རྒྱས་ལ་གནོད་སྐྱོན་གཏོང་གིན་འདུག་པས། ངས་ཡུན་རིང་ཞིག་ལ་དཀའ་ངལ་འདི་བསལ་ཐབས་ཤིག་བཙལ་བ་ཡིན།

    http://tibettimes.net/blogs.php?id=40&post_id=9587