ཨབ་གྷན་གཏེར་མཛོད།

 
ཕྱི་ཚེས་ ༡༤ ཉིན་ནེའུ་ཡོག་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་ས་གཤིས་བརྟག་དཔྱད་པ་དང་ཕན་ཊ་གྷོན་གྱི་ཉམས་ཞིབ་པས་ཨབ་གྷན་དུ་མ་གནས་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་གཏེར་མཛོད་འགའ་གསར་རྙེད་བྱུང་ཡོད་འདུག་ལ། དེ་ནི་ཕྱི་ལོ་ ༢༠༠༦ ནས་བཟུང་ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གི་ཚན་རིག་པས་དེ་སྔོན་གྱི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲངས་ཐོར་ཞིབ་བཤེར་དང་པར་རིས་བཅས་རྨང་གཞིར་བྱས་ཐོག གནམ་ས་གཉིས་ནས་འཕུར་བསྐྱོད་ཀྱིས་བརྟག་ཞིབ་བྱས་འབྲས་སུ་གསར་རྙེད་བྱུང་བ་ཞིག་རེད། འདིའི་ཐད་ཨབ་གྷན་གཏེར་ཁུངས་ཚན་པའི་མགྲིན་ཚབ་པ་སྐུ་ཞབས་  Omar གྱིས་བརྗོད་དོན། མ་གནས་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་གཏེར་མཛོད་གསར་རྙེད་བྱུང་བ་དེས་འབྱུང་འགྱུར་ཨབ་གྷན་གྱི་ཡུལ་དེའི་འཚོ་བའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད། གཏེར་མཛོད་ཐོན་འབྱེད་བྱས་ཚེ་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཀྱི་རེད་ལ། དེང་ཕྱིན་ཨབ་གྷན་གྱིས་ཕྱི་ཕྱོགས་ཀྱི་རོགས་དངུལ་ལེན་མི་དགོས་པར་རང་ཁ་རང་གསོ་ཐུབ་ཀྱི་རེད་ཅེས་བརྗོད་ཡོད།  ཨ་རིའི་ཕན་ཊ་གྷོན་གྱི་ནང་ཁུལ་ལས་རིམ་དེའི་ནང་བཀོད་དོན། ཨབ་གྷན་དུ་གསར་རྙེད་བྱུང་བའི་གཏེར་མཛོད་དེར་མ་གནས་ཨ་སྒོར་དུང་ཕྱུར་ཁྲི་ ༡ ལྷག་ཟིན་གྱི་ཡོད་ལ། རྗེས་ཕྱོཊ་ཨབ་གྷན་གྱི་ཡུལ་དེ་འཛམ་གླིང་ཐོག་གལ་གནད་ཆེ་བའི་གཏེར་ཁ་འཛུགས་སྐྲུན་ལྟེ་གནས་ཞིག་ཆགས་རྒྱུ་ཡིན་ཚུལ་དང་། དེ་བཞིན་མ་རྩ་འཇོག་མཁན་གྱི་བདེ་འཇགས་ལ་འགན་ལེན་དང་ཞི་བདེའི་ཁོར་ཡུག་ངེས་པར་དགོས་རྒྱུ།  གལ་སྲིད་ཨབ་གྷན་གྱི་འཐབ་ཇུས་གློ་བུར་དུ་མཐོ་རུ་ཕྱིན་པ་ཡིན་ན། ས་ཁོངས་ཆེ་བའི་རྒྱ་གར་དང་རྒྱ་ནག དེ་བཞིན་ཨ་རི་བཅས་ཀྱིས་ཨབ་གྷན་ལ་འཛིན་པའི་འཐབ་རྩོད་ཀྱི་ཤུགས་རྐྱེན་དེར་ཡང་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ཅེས་དང་། སོ་ཌེ་ཨ་རབ་ལ་སྣུམ་གྱི་ཐོན་ཁུངས་ཡོད་པ་བཞིན་ཨབ་གྷན་ལའང་ཁ་པར་དང་ཟིན་བྲིས་གློག་ཀླད་ཀྱི་གློག་བཞུའི་རྒྱུ་ཆ་ལི་ཐམ་དང་གསེར།   ཟངས། ལྕགས། ནེའོ་བྷོན་བཅས་གསར་རྙེད་བྱུང་ཡོད་ཅེས་འཁོད་ཡོད། དབྱེ་ཞིབ་པས་བརྗོད་ན། ཨབ་གྷན་དུ་གཏེར་ཁ་ཕོན་ཆེན་གསར་རྙེད་བྱུང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དེ་ནི་ཆབ་སྲིད་ཀྱི་རྐྱེན་གྱིས་ཡིན་ཚུལ་བརྗོད་ཡོད། མ་གནས་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་གཏེར་ཁ་དེ་ཨབ་གྷན་གྱི་ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༡༢༠ ཙམ་ཡིན། དབུལ་ཕོངས་དང་དམག་འཁྲུག་རྒྱུན་ཆད་མེད་པའི་རྒྱལ་ཁབ་འདིའི་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོ་ཉལ་ཐ་ཐོན་སྐྱེད་དང་དུག་རྫས་དབོར་འདྲེན། ཕྱི་ཕྱོགས་རོགས་སྐྱོར་བཅས་ཡིན།  ཨབ་གྷན་གཏེར་ལས་ཚན་པའི་སློབ་སྟོན་པས་བརྗོད་ན། གསར་དུ་རྙེད་པའི་གཏེར་མཛོད་དེ་ནི་འབྱུང་འགྱུར་ཨབ་གྷན་གྱི་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུར་ཆགས་རྒྱུ་ཡིན་ཚུལ་བརྗོད་ཡོད། གཏེར་མཛོད་དེ་ནི་གཙོ་བོ་ཨབ་གྷན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། དེ་བཞིན་པ་ཀི་སི་ཐན་གྱི་ས་མཚམས་བཅས་སུ་ཡོད་ལ། དེ་ནི་ཨ་རིའི་དམག་མི་དང་ཊ་ལི་བྷན་བར་དམག་འཁྲུག་རྒྱག་སའི་ས་ཁུལ་ལྟེ་བ་ཞིག་ཆགས་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཨབ་གྷན་གཏེར་མཛོད།

  1. ཀརྨ་རྡོ་རྗེ།

    ས་གཏེར་གསར་རྙེད་ལ་བརྟེན་ནས་དེང་ཕྱིན་ཨབ་གྷན་གྱིས་ཕྱི་ཕྱོགས་ཀྱི་རོགས་དངུལ་ལེན་མི་དགོས་པར་རང་ཁ་རང་གསོ་ཐུབ་བགྱིད་ཡོད་ན། བོད་ཀྱི་ས་གཏེར་གྱིས་བོད་མིའི་ཁ་གསོ་མི་ཐུབ་པ་ཨ་ཡོད། བོད་ཀྱི་བྱུང་སོང་སྐོར་ལ་གསལ་སྟོན་ཐུབ་མཁན་གྱི་བོད་རྒྱ་མི་རིགས་ཤིག་སྐྱེས་ཡོད་དམ།