རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་དང་། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་བརྒལ་གྱི་བྱ་སྤྱོད་རེད་ཟེར།
དེ་རིང་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེ་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན། ནིའུ་ཛིས་ལན་ཌི་རུ་རྒྱལ་དོན་འཚམས་འདྲིར་སྐྱོད་སྐབས། ནིའུ་ཛི་ལན་ཌི་ཡི་གྲོས་ཚོགས་ཁང་ཆེན་མདུན་དུ་སླེབས་མ་ཐག ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ཏེ། བོད་ནང་ལ་རང་དབང་དགོས། བོད་མི་རིགས་ལ་རང་དབང་དགོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་སྤྲོད་དགོས། ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
སྐབས་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་གྱི་སྐུ་སྲུང་བས་ཁོང་གི་མདུན་འགོག་ཐབས་བྱས་ཡོད་ཀྱང་། ཁོང་གིས་མུ་མཐུད་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། སྐུ་སྲུང་བ་དེ་བྱ་ཐབས་ཟད་དེ་ཉི་གདུགས་ཀྱིས་སྐུ་ཞབས་རོ་སེལ་ནོར་མེན་ལགས་དང་ཁོང་གི་ལག་གི་བོད་ཀྱི་རྒྱལ་དར་དེ་མི་མཐོང་ཐབས་བྱས་ཤིང་། མཐར་ཁོང་གི་ལག་ནས་རྒྱལ་དར་འཕྲོག་སྟེ་སར་གཡུགས་ཡོད་འདུག སྐབས་དེར་ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་ཚོས་སྐུ་སྲུང་བ་དེ་བཀག་ཡོད་པ་དང་། སྐུ་ཞབས་རོ་སེལ་ནོར་མེན་གྱིས་མུ་མཐུད་དུ། བོད་ལ་རང་དབང་སྤྲོད་དགོས། ས་འདི་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། འདི་རྒྱ་ནག་མ་རེད། ཁྱོད་ཚོས་སྨྲ་བརྗོད་རང་དབང་འགོག་མི་ཆོག ཅེས་ཞི་ཆེན་ཕིན་གྱི་ཁང་པའི་ནང་མ་འཛུལ་བར་སྐད་འབོད་བརྒྱབ་ཡོད་འདུག དེའི་རྗེས་གསར་འགོད་པའི་དྲི་བའི་ལན་དུ། སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས། རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་རེད། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཡིན་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།