ཆབ་སྲིད་བཙོན་པ་ ༥༢ གློད་རྒྱུ་རེད།

ཁྱེའུ་བྷ་སྲིད་གཞུང་གིས་མི་འགྱངས་བར་ཆབ་སྲིད་བཙོན་པ་ ༥༢ གློད་གྲོལ་གཏོང་རྒྱུ་རེད།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ཚེས་ ༧ ཉིན་ཁྱིའུ་བྷ་ཡི་གནམ་བདག་ཆོས་ལུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་ཡུལ་དེའི་སྲིད་གཞུང་གིས་ཆབ་སྲིད་བཙོན་པ་ ༥༢ ཙམ་མི་འགྱངས་བར་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད། ད་ལོའི་ཟླ་ ༢ པའི་ནང་ཆབ་སྲིད་བཙོན་པ་ཞིག་གིས་ཡུལ་དེའི་བཙོན་ཁང་ཞིག་ཏུ་ཟས་བཅད་ངོ་རྒོལ་བྱས་སྟབས་འདས་གྲོངས་སུ་སོང་ཡོད་་ལ། བཙོན་ཁང་དེའི་བཙོན་པ་གཞན་ཞིག་ལའང་ཉེས་འཛུགས་བྱས་པའི་གྱོད་དོན་རིམ་པར་བྱུང་ཡོད། ཁྱེའུ་བྷ་སྲིད་གཞུང་ལ་ཕྱི་ཕྱོགས་ནས་གནོན་ཤུགས་ལན་མང་སྤྲད་པའི་སྟབས་ཀྱིས་མཐར་ཁོང་ཚོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བྱུང་ཡོད།  དབྱེ་ཞིབ་པས་བརྗོད་ན།  ཁྱེའུ་བྷ་གཞུང་གིས་ཆབ་སྲིད་བཙོན་པ་བཅུ་གྲངས་ཤིག་གློད་གྲོལ་གཏོང་རྒྱུར་ཐག་གཅོད་བྱས་པ་དེ་ཆག་ཡངས་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད། ཁྱེའུ་བྷའི་ཆོས་ཚོགས་ཞེས་པ་དེ་ནི་གནད་དོན་འདི་རིགས་ལ་བར་འདུམ་གཏོང་མཁན་གཙོ་གྲས་ཤིག་ཡིན་ལ། གནད་དོན་དེ་ནི་ཁྱེའུ་བྷའི་དབུ་ཁྲིད་རོལ་ཁེ་སི་ཊ་རོ་  Raul Castro  དང་ཁྱེའུ་བྷ་ཆོས་ཚོགས་ཀྱི་དབུ་ཁྲིད་ཨོ་ཨར་ཊི་ཅ་  Aoertaijia མཆོག དེ་བཞིན་ཁྱེའུ་བྷ་ཡི་ཤུའི་མ་དགོན་བཅས་ནས་གྲོས་བསྡུར་གྱིས་ཐག་གཅོད་བྱུང་བ་ཞིག་ཡིན་ལ། སྐབས་དེར་ཁྱེའུ་བྷའི་ཕྱི་སྲིད་བློན་ཆེན་རོ་ཌིར་གྷིིར་   Rodriguez དང་སི་པན་ཕྱི་སྲིད་བློན་ཆེན་མོ་ལི་ཌིན་ནོ་  Moladingnuo གཉིས་ཀྱང་ཚོགས་འདུར་མཉམ་ཞུགས་བྱས་ཡོད། ཨོ་ཨར་ཊི་ཅ་ལགས་ཀྱིས་བརྗོད་ན། ཆབ་སྲིད་བཙོན་པ་ ༥ བདུན་ཕྲག་རྗེས་མའི་གཟའ་ལྷག་པར་གློད་གྲོལ་གཏོང་རྒྱུ་ཡིན་པ་དང་། དེ་མིན་གྱི་བཙོན་པ་ ༤༧ དེ་མ་འོངས་པའི་ཟླ་འགའི་ནང་གློད་རྒྱུ་ཡིན་ཚུལ་བརྗོད་ཡོད། ཆོས་ཚོགས་དེས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཐོག་མར་གློད་གྲོལ་གཏོང་རྒྱུའི་ཆབ་སྲིད་བཙོན་པ་ཚོ་སོ་སོའི་ནང་མིའི་སྣེ་ལེན་འོག་གང་མགྱོགས་སི་པན་དུ་ལོག་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། འདིའི་ཐད་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་ད་སྔ་ཆབ་སྲིད་བཙོན་པ་ ༥༢ ཙམ་གློད་གྲོལ་ཐོབ་ཐུབ་ཡོད་ཀྱང་། ད་དུང་ཡང་ཁྱེའུ་བྷའི་བཙོན་ཁང་དུ་ཆབ་སྲིད་བཙོན་པ་ ༡༠༠ ལས་བརྒལ་བ་ཡོད་ཅེས་བརྗོད་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply