གསེར་བུམ་དང་འབར་གས།

ཡུ་གྷན་ཌའི་རྒྱལ་སར་མང་ཚོགས་ཀྱིས་འཛམ་གླིང་བུམ་པའི་རྩེད་འགྲན་ལ་ལྟ་སྐབས། བསྟུད་མར་ཐེངས་གཉིས་ལ་འབར་རྫས་ཀྱི་གས་གཏོར་ཆེན་པོ་ཞིག་བྱུང་སྟེ་ཉུང་མཐར་མི་ ༡༣༠ ཙམ་ལ་ཤི་རྨས་བྱུང་ཡོད་འདུག 

དེ་རིང་ཞོགས་པ་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོངཆུ་ཚོད་ ༣ ཙམ་ལ་ལྷོ་ཨ་ཧྥི་རི་ཁའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཆེན་མོའི་མཇུག་མཐའི་སྟེང་རྩོད་འགྲན་བསྡུར་ཏེ། སི་པན་དང་ནེ་ཐར་ལན་ཌི་གཉིས་ཀྱིས་གསེར་གྱི་བུམ་པ་འགྲན་རྩོད་བྱེད་སྐབས། ཡུ་གྷན་ཌི་རྒྱལ་ཁབ་ཀྱི་རྒྱལ་ས་ཀམ་པ་ལ་ Kampala ཞེས་པའི་ནང་བསྟུད་མར་ཐེངས་གཉིས་ལ་འགད་རྫས་གས་གཏོར་གྱི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་མི་ ༦༠ སྲོག་སྐྱོན་དང་དེ་ལས་མང་པར་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག འབར་གས་ཀྱི་དོན་རྐྱེན་བྱུང་ཡུལ་དེ་ནི་རས་ཡོལ་བརྒྱུད་ལྷོ་ཨ་ཧྥི་རི་ཁའི་རྐང་སྤོལ་ལ་ལྟ་སའི་རྩེད་ཐང་ཆེན་པོ་ཞིག་ཡིན་འདུག ཡུལ་དེའི་རྒྱལ་སར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་བརྗོད་ན། སྐབས་དེར་ཤི་རྨས་ཐེབས་མཁན་མང་ཆེ་བ་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་མ་ཟད། དེའི་ནང་ཨ་རིའི་མི་སེར་ཞིག་ཀྱང་ཚུད་ཡོད་སྐོར་བརྗོད་ཡོད། རྒྱལ་སའི་ཉེན་རྟོག་པའི་མགྲིན་ཚབ་པ་ལྕམ་ཇོ་ཌི་ཐི་ནཱ་བྷ་ཁོ་བྷ་ Judith Nabakooba ཡིས་བརྗོད་ན། ཐེངས་འདིའི་གས་གཏོར་ཁྲོད་ཉུང་མཐར་མི་ ༧༡ བསད་ཡོད་ཅེས་བརྗོད་ཡོད། སྐབས་དེར་གས་གཏོར་ཐེངས་གཉིས་བྱུང་ཡོད་པ་ལས་གས་གཏོར་དང་པོ་དེ་རྒྱལ་སའི་ཨི་ཐོ་ཕིན་ཟ་ཁང་ཞིག་ཏུ་བྱུང་ཡོད་པ་དང་། གཉིས་པ་དེ་རོ་བྷི་ Rugby རྩེད་ཐང་དུ་མི་མང་ཚོགས་ཀྱིས་རས་ཡོལ་ངོས་ཀྱི་རྐང་སྤོལ་རྩེད་འགྲན་ལ་ལྟ་སྐབས་གློ་བུར་དུ་བྱུང་ཡོད་འདུག

 

དོན་རྐྱེན་དངོས་སུ་མཐོང་མཁན་གྱི་བུ་སུ་ཊོན་ཨ་ཊི་ཝུན་གྱིས་གསར་འགོད་པར་བརྗོད་ན། རྐང་སྤོལ་རྩེད་འགྲན་མགོ་འཛུགས་ཏེསྐར་མ་ ༩༠ ཙམ་ཕྱིན་པའི་རྗེས་སུ་མི་དམངས་ཚོས་རས་ཡོལ་བརྒྱུད་རྐང་སྤོལ་ལ་ལྟ་སའི་རྩེད་ཐང་དེར་གློ་བུར་དུ་གས་གཏོར་ཞིག་བྱུང་སོང་། དང་ཐོག་ང་ཚོས་ཅི་ཞིག་ཡིན་མིན་ཤེས་མ་སོང་། ཅུང་ཙམ་གྱི་རྗེས་མི་མང་པོ་བསད་ཡོད་པ་ཤེས་རྗེས་ང་ཚོ་ཞེད་སྣང་འོག་ཡར་མར་ལ་བྲོས་པ་ཡིན། སྐབས་དེར་རྐུབ་སྟེགས་ཀྱི་བར་དུ་ཁྲག་གིས་བརྫིས་ཡོད་པའི་སྐྱེས་པ་མང་པོ་ཞིག་གི་ཕུང་བོ་ཡོད་པ་མཐོང་སོང་ཞེས་བརྗོད་འདུག ད་ཆར་ཉེན་རྟོག་པས་གནད་དོན་དེར་ཞིབ་འཇུག་བྱེད་ཀྱིན་ཡོད་འདུག དབྱེ་ཞིབ་པས་བརྗོད་ན། དོན་རྐྱེན་དེ་ནི་སོ་མ་ལི་ཡའི་ཁ་ཆེ་ཨ་ལི་ཁ་ཌ་ཡིན་སྲིད་པར་མ་ཟད། དེ་ནི་བདུན་ཕྲག་རྗེས་མར་ཡུལ་དེའི་རྒྱལ་སར་ཚོགས་འཆར་ཡོད་པའི་ཨ་ཧྥི་རི་ཁའི་ལྷན་ཚོགས་དེར་འདོད་མོས་མེད་ཚུལ་བསྟན་པ་རེད་ཅེས་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “གསེར་བུམ་དང་འབར་གས།

  1. སྤྲོ་ཚིགས་དགེ་འདུན

    ཆ་མི་མཉམ་པའི་འཇུག་རྟེན་སེར་ན་འདི་འདྲ་ཞིག་ལ་སེར་བ་འདྲ། འགའ་ཞིག་གི་རྩེད་མོ་སོགས་དགའ་བའི་རྣམ་པའི་ཁངས་འགའ་ཞིག་གི་སྲོག་མགོ་མ་ཐོན་
    དཀོན་མཆོག་གིས་མཁྱེན་་་་