ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།
དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།
ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།
དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།
གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།
ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།
མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།