ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་དང་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་གཉིས་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་རྒྱ་གཞུང་གིས་ཁྲིམས་ཐག་བཅད་འདུག
༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་འགའི་རྗེས་སུ། རྒྱ་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་ཏེ་ཟླ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་རྗེས་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་བྱས་ཡོད། ཁོ་གཉིས་ལ་དུས་ཡུན་ལོ་གཉིས་རིང་འཛིན་བཟུང་བཀག་བསྐྱིལ་བྱས་རྗེས། ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་ཁོང་གཉིས་ལ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བལ་ཡུལ་དུ་གནས་སྡོད་པདྨ་བཀྲ་ཤིས་ཀྱིས་ཕྱི་ཚེས་ ༤ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་དེའི་སྐོར་གྱི་གནས་ཚུལ་བརྗོད་དོན། ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༤ ནས་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་ཕྱི་ཚེས་ ༢༦ ཉིན་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་མ་ཟད། ཁོའི་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་ཡོད་པ་དང་། ཁོའི་ཕུ་བོ་རྡོ་རྗེ་ཚེ་རིང་ལའང་ལོ་དྲུག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
གཞན་ཡང་། པདྨ་མ་འཕྲིན་ལས་ཀྱིས་བརྗོད་པ་ལྟར་ན། བོད་མི་རེ་འགས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་སྒྲིག་འཛུགས་ཁག་ལ་མ་དངུལ་ཕོན་ཆེན་པོའི་རྒྱབ་སྐྱོར་གནང་ཡོད་པ་རེད། དེར་བརྟེན་ཁོའི་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་པ་རེད་ཟེར། ཡང་བོད་མི་འགའ་རེ་ཡིས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་ལྷ་ས་དང་གཞིས་རྩེ་རུ་འགྲོན་ཁང་བདག་གཉེར་བྱས་ཡོད་པ་དང་། དེ་དག་ཁྲིམས་མཐུན་མིན་པའི་རྐྱེན་གྱིས་ཡིན་ཚུལ་ཀྱང་བརྗོད་ཀྱིན་འདུག་ཟེར།
ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ནི་ཨ་མདོ་བླ་བྲང་ནས་ཡིན་པ་དང་། ཁོའི་བཟའ་ཟླ་ནི་ལྷ་ས་ནས་ཡིན་འདུག ཁྲིམས་ར་འཚོགས་སྐབས་ཁོ་གཉིས་ཀྱི་ཁྱིམ་མི་དང་གཉེན་འབྲེལ་གྲོགས་པོ་དག་ཁྲིམས་རར་བཅར་དུ་མ་བཅུག་པར་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་ཡོད་རྐྱེན། དོན་གྱིས་ཁོང་གཉིས་ལ་ཉེས་ཁྲིམས་ཅི་ཞིག་བཀལ་མེད་ཤེས་རྟོགས་བྱུང་མེད་པ་རེད། བོད་མི་ཕལ་མོ་ཆེས་བརྗོད་པ་ལྟར་ན། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཚོང་ལས་གཉེར་བས་མ་ཡིན་པར། ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་པ་ཡིན་ལུགས་བརྗོད་ཀྱིན་ཡོད་འདུག
ཚེ་རིང་རྒྱལ།