ལ་དྭགས་སུ་ཆུ་ལོག་རྒྱུགས་ཏེ་བོད་མི་ ༣ ཚུད་པའི་ཁྱོན་མི་ ༥༩ ལ་ཤི་སྐྱོན་དང་གཞན་མི་ ༣༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ནངས་ཞོགས་པར་ལ་དྭགས་རྒྱལ་ས་གླེ་རུ་ཆུ་ལོག་རྒྱུགས་ཏེ་ཉུང་མཐར་མི་ ༥༩ ཙམ་ལ་ཤི་སྐྱོན་དང་གཞན་མི་ ༣༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག་ལ། ཤེས་རྟོགས་བྱུང་བ་ལྟར་ན་ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད་ནང་མི་གསུམ་ཅན་གྱི་བོད་མིའི་ཁྱིམ་ཚང་ཞིག་བསྣུབས་ཡོད་པར་མ་ཟད། ཁོང་ཚོ་དང་མཉམ་དུ་ཡོད་པའི་བོད་མི་གཞན་ཞིག་ཀྱང་བོར་བརླག་ཏུ་སོང་ཡོད་འདུག ས་གནས་ཉེན་རྟོག་པས་བརྗོད་ན། ཆུ་ལོག་གི་རྐྱེན་པས་ས་གནས་སྲིད་གཞུང་གི་ཁང་རྩེག་དང་ཁང་པ་འགའ་ཡང་ཆུས་འཁུར་ཚར་ཡོད་ལུགས་བརྗོད་ཡོད། ད་ལྟ་ཉེན་རྟོག་པས་མྱུར་སྐྱོབ་བྱེད་ཀྱིན་ཡོད་ལ་ཚོད་དཔག་བྱས་པ་ལྟར་ན་ཤི་རྨས་བྱུང་བའི་གྲངས་འབོར་ད་དུང་མང་དུ་འགྲོ་རྒྱུ་རེད།
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།