རྒྱ་རིགས་རྩོམ་པ་པོ་གསུམ་གྱིས་བོད་དོན་ཐད་ཀྱི་དཔེ་དེབ།

བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་། བྱང་ཨ་རིར་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཀྲན་ཕོ་ཁུང་དང༌།  བུད་མེད་རྩོམ་པ་པོ་ལི་ཅང་ལིན།  ཁེ་ཎ་ཌར་བཞུགས་མཁན་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་བཅས་ནས་ལོ་འདིའི་ནང་སྔ་ཕྱིར་བོད་དོན་དང་འབྲེལ་བའི་སྐོར་ལ་རྒྱ་ཡིག་ཐོག་དེབ་རེ་བྲིས་ཏེ་ཧོང་ཀོང་དང༌ཐེ་ཝན་ཨ་རི། ཁེ་ན་ཌ་བཅས་སུ་བཀྲམས་ཏེ་བྲིན་རྒྱུགས་ཆེན་པོ་བྱུང་ཡོད་འདུག

 

 

རྒྱ་རིགས་རྩོམ་པ་པོ་ཀྲན་ཕོ་ཁུང་གིས་བྲིས་པའི་དེབ་ཀྱི་མིང་ལ། ཀྲུང་ནན་ཧའེ་ཡི་གདོང་རིས་ངོ་མ ཟེར་ཞིང༌། དེབ་དེའི་ནང་རྒྱ་ནག་དཔོན་རིགས་ཚོའི་ནང་ཁུལ་དབང་ཆའི་འཐབ་རྩོད་སྐོར་ཞིབ་ཕྲ་བྲིས་ཡོད་པ་མ་ཟད། དེབ་དེའི་ནང་གི་ལེ་ཚན་དྲུག་ཙམ་བོད་དོན་སྐོར་ཡིན་ཞིང་། རྩོམ་པ་པོ་ཁོང་གིས་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ལ་བརྗོད་པ་ལྟར་ན། ཁོང་གིས་བྲིས་པའི་དེབ་དེ་ཧོང་ཀོང་དཔར་སྐྲུན་བྱས་ཏེ་ཧ་ཅང་བྲིན་རྒྱུགས་ཆེན་པོ་བྱུང་སྟེ་དཔར་ཐེངས་དང་པོ་ཡོངས་སུ་རྫོགས་ཟིན་པ་དང༌།  ད་ལྟ་པར་ཐེངས་གཉིས་པ་པར་སྐྲུན་བྱེད་བཞིན་ཡོད་ཅེས་བརྗོད་འདུག

 

 

ཁེ་ཎ་ཌར་གནས་བཞུགས་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་ཡིས་བྲིས་པའི་དེབ་ཀྱི་མིང་ལ། བོད་སྐོར་ལ་ཉན་ཏེ། རྒྱ་རིགས་ཤིག་གི་ལྟ་ཚུལ ཟེར་ཞིང༌།  དེབ་དེའི་ནང་ྋགོང་ས་མཆོག་གིས་བཏོན་གནང་མཛད་ཅིང༌། བོད་མི་མང་ཚོགས་བརྒྱ་ཆ་དྲུག་ཅུ་རེ་བཞི་ལྷག་གིས་རྒྱབ་སྐྱོར་ཐོབ་ཡོད་པའི་དབུ་མའི་ལམ་ནིབོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་སྐོར་དང༌། འདས་པའི་མི་ལོ་ ༥༠ ནང་ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་བཟང་གསར་གཏོད་མཛད་ཅིང་། ཁོང་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་རླབས་ཆེན་ཐོན་ཡོད་ཚུལ་སོགས་བརྗོད་ཡོད་འདུག

 

 

རྩོམ་པ་པོ་ལི་ཅང་ལིན་གྱིས་བྲིས་པའི་དེབ་ཀྱི་མིང་ལ། ༼ ཕྱི་ལོ་ ༡༩༥༩ ལོའི་ལྷ་ས།  ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ ༽ ཞེས་ཟེར་ཞིང་ཧོང་ཀོང་དུ་པར་སྐྲུན་བྱས་ཡོད་འདུག དེབ་དེའི་ཁྱད་ཆོས་གཙོ་བོ་ནི་ ༡༩༥༩ ལོའི་དོན་རྐྱེན་དངོས་སུ་བརྒྱུད་མྱོང་མཁན་མང་པོར་བཅར་འདྲི་དང༌།  ྋགོང་ས་མཆོག་ལ་བཅར་འདྲིརྒྱ་ནག་གཞུང་ནས་ ༡༩༥༩ ལོའི་དོན་རྐྱེན་ལ་འགྲེལ་བརྗོད་བྱེད་སྟངས་དང་དངོས་ཡོད་གནས་ཚུལ་གང་ཡིན་སོགས་ ༡༩༥༦ ནས་ ༡༩༥༩ ལོའི་བར་གྱི་ལོ་རྒྱུས་ལ་ཞིབ་འཇུག་གི་རྣམ་པའི་ཐོག་ནས་བྲིས་པ་ཞིག་ཡིན་འདུག ཁོང་གིས་དེབ་དེའི་ཆེད་དུ་ཀ་རྡོར་སྒང་གསུམ་སོགས་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་་དངོས་སུ་བསྐྱོད་དེ། མི་སྣ་མང་པོར་བཅར་འདྲི་བྱས་ཏེ་བྲིས་པ་ཞིག་ཡིན་འདུག

 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ༼ ཕྱི་ལོ་ ༡༩༥༩ ལོའི་ལྷ་སྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ ཞེས་པའི་དེབ་དེར་ཀློག་པ་པོ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེབ་དེ་ཐོན་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་སོང་ཡོད་འདུག ཀྲན་ཕོ་ཁུང་དང༌། ཀྲུའུ་རུའེ། ལི་ཅང་ལིན་ཁོང་གསུམ་ནི་དུས་རྒྱུན་བོད་དོན་ཐོག་རྒྱུས་མངའ་ཆེ་ཞིང༌། བརྗོད་གཞི་སྣ་ཚོགས་ཀྱི་རྩོམ་ཡིག་གི་བརྗོད་བྱ་དང་བརྗོད་བྱེད་གང་ཐད་ནས་རྒྱ་རིགས་རྩོམ་པ་པོ་ནང་ཁུལ་ནས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་མཁན་གྲས་ཡིན། ཁོང་གསུམ་སྔ་ལོའི་ཕྱི་ཟླ་  པར་ཇི་ནི་ཝར་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་སྣ་ཚོགས་ལ་ཞུགས་མྱོང་ཡོད་པ་མ་ཟད། རྒྱ་གར་ངྷ་རམ་ས་ལ་དང་བོད་མིའི་གཞིས་ཆགས་ཁག་ལ་རྟོག་ཞིབ་གཟིགས་སྐོར་ལ་ཐེངས་མང་ཕེབས་ཤིང་། ༧གོང་ས་མཆོག་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཀྱང་ཐོབ་མྱོང་མཁན་གྲས་ཡིན།

 

ཁོང་གསུམ་གྱིས་ཨ་རིའི་བོད་ཀྱི་དོན་གཅོད་ཁང་ལ་གསུངརྒྱུར། རང་དབང་གི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དངོས་སུ་བསྐྱོད་དེ་རྟོག་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བ་དང༌། ལྷག་པར་དུ་ྋགོང་ས་མཆོག་ལ་གནས་ཚུལ་སྣ་ཚོགས་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས་ངེད་ཅག་གི་དེབ་འབྲི་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། ཞེས་དང་། བོད་མིའི་འཐབ་རྩོད་ནི་བདེན་དོན་རྩོད་ལེན་གྱི་འཐབ་རྩོད་ཅིག་ཡིན་སྟབས་ད་དུང་མུ་མཐུད་ནས་བོད་དོན་སྐོར་དངོས་དོན་དང་མཐུན་པའི་རྩོམ་ཡིག་སྤེལ་རྒྱུ་དང༌།  གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་གླེང་སློང་བྱ་རྒྱུ་ནི་རྩོམ་པ་པོ་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་བརྗོད་འདུག

 

གོང་གི་གནས་ཚུལ་དེ་བོད་གཞུང་དྲ་རྒྱ་ལས་འདྲེན་བཀོད་བྱས།

 

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply