གཞོན་ནུའི་རྒྱུན་ལས་གསར་བར་ཡིད་ཆེས་ཡོད་ཟེར།

བོད་གཞིས་སུ་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོའི་ཆེད་དུ་སྐུ་ངལ་བསྐྱོན་བཞིན་ཡོད་སྟབས། དེ་འཕྲོ་བརླག་ཏུ་མི་འགྲོ་བ་དང་ལོ་གསུམ་རིང་ཞབས་འདེགས་ཞུས་རིང་། རྗེས་ལ་ཕྱི་མིག་ལྟ་སྐབས་འགྱོད་པ་སྤུ་ཙམ་ཡང་མེད་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གཞོན་ནུའི་ཚོགས་གཙོས་གསུངས།
ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་དགོང་མོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་མཇུག་མཐའི་ཚོགས་ཐུན་སྟེང་། གཞོན་ནུའི་དབུས་རྒྱུན་རྣམས་གསར་འདེམས་བྱས་ཡོད་ལ། སྐབས་སྔོན་མའི་གཞོན་ནུའི་རྒྱུན་ལས་ཁག་ཅིག་དགོངས་པ་ཞུས་མིན་ལ་མ་ལྟོས་པར་ཐེངས་འདིར་བསྐྱར་དུ་རྒྱུན་ལས་སུ་བདམས་ཡོད། དེ་དག་ལས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་དགོངས་པ་ཞུས་པ་དང་། སྐབས་སྔོན་མའི་ཚོགས་གཙོ་གནང་སྐབས་ཁོང་ལ་ཧ་ཅང་དཀའ་ཁག་བྱུང་སྐོར་འགྲེལ་བྱས་ཡོད་ནའང་། ཁོང་བསྐྱར་དུ་གཞོན་ནུའི་ཚོགས་གཙོར་བདམས་ཡོད།
ཁོང་གིས་སྐབས་སྔོན་མར་ཚོགས་གཙོ་གནང་སྐབས་ཚོགས་གཞོན་གྱིས་ཕྱར་གྲུ་མཉམ་འདེགས་མ་བྱས་པར་དཀའ་ངལ་བྱུང་ཡོད་ལ། རྒྱུན་ལས་ནང་ཁུལ་དུའང་ཚོགས་གཙོའི་ཕྱོགས་དང་ཚོགས་གཞོན་གྱི་ཕྱོགས་གཉིས་བྱུང་སྟེ། ནང་ཁུལ་དུ་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་བྱུང་ཡོད་སྟབས། འདི་གའི་གསར་འགོད་པས་ཕྱི་ཚེས་ ༡༦ ཉིན་གཞོན་ནུའི་ཚོགས་གཙོར། ཐེངས་འདིར་བསྐྱར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་གསར་རྙིང་རྣམས་ནང་ཁུལ་མཐུན་འབྲེལ་དང་། གཞོན་ནུའི་དགོངས་དོན་ལྟར་ལས་ཀ་བྱ་རྒྱུར་ཡིད་ཆེས་དང་གདེང་ཚོད་གང་འདྲ་ཡོད་མེད་སྐོར་དྲིས་པར་ཁོང་གིས། ཐེངས་འདིར་ང་ཚོས་ཡིད་ཆེས་གཙང་མ་ཞུ་གིན་ཡོད། གཙོ་ཆེ་ཤོས་སྒྲིག་འཛུགས་ཀྱི་འགན་གཙོ་བོ་འཁུར་མཁན་ཡིན་སྟབས་ཁ་སང་ང་ཚོ་འཚོགས་སྐབས་ཞུ་རྒྱུ་བྱུང་། ང་ཚོ་མི་གཅིག་གཉིས་ཤིག་གིས་འདིར་གང་ཡང་བྱ་ཐུབ་ཀྱི་མེད། རླབས་ཆེན་གྱི་སྒྲིག་འཛུགས་ཤིག་དང་ལྷག་པར་དུ་རྒྱུན་ལས་མི་བཅུ་དེ་མང་མོས་ཀྱིས་བསྐོ་བཞག་བྱུང་སྟབས། ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་ཐོག་ཕྱག་ལས་གནང་དགོས་པ་རེད། དེར་བརྟེན་ང་ཚོ་ཚང་མ་མཉམ་དུ་འཛོམས་སྐབས་བསམ་ཚུལ་འདྲ་མིན་སྣ་ཚོགས་དགོས་པ་གལ་ཆེན་པོ་རེད་ལ། བསམ་ཚུལ་གང་ཡོད་པ་དེ་མདུན་ཅོག་སྟེང་སྤུངས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད། ཡིན་ནའང་། ཚོགས་འདུའི་སྐབས་ཐག་གཅོད་གང་བྱུང་བ་དེ་ཚོགས་མི་ཚང་མས་གཅིག་མཚུངས་ཀྱིས་བརྩི་བཀུར་ཞུ་དགོས་པ་རེད་ཅེས་བཤད་རྒྱུ་བྱུང་ཞེས་དང་།
རྒྱུན་ལས་སུ་དང་སུ་ཡིན་ནའང་ཚང་མས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཚེ། ངས་རྒྱུན་ལས་ནང་ཁུལ་དུ་དཀའ་ངལ་འཕྲད་རྒྱུ་རེད་དྲན་གི་མེད་ལ། ལྷག་པར་དུ་བོད་གཞིས་སུ་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ། བོད་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོའི་ཆེད་དུ་སྐུ་ལས་བསྐྱོན་བཞིན་ཡོད་སྟབས། དེ་འཕྲོ་བརླག་ཏུ་མི་འགྲོ་བ་དང་འདིར་ལོ་གསུམ་རིང་ཞབས་འདེགས་ཞུས་རིང་། རྗེས་ལ་ཕྱི་མིག་ཅིག་ལྟ་སྐབས་འགྱོད་པ་སྤུ་ཙམ་ཡང་མེད་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་རྒྱུན་ལས་འཛོམས་པའི་སྐབས་བཤད་རྒྱུ་བྱུང་ལ། ཡིད་ཆེས་དང་རེ་བ་བྱ་སའང་དེ་བཞིན་ཡིན་ཞེས་གསུངས།
ཡང་གཞོན་ནུའི་ཚོགས་མི་ཞིག་བརྒྱུད་ཤེས་རྟོགས་བྱུང་དོན་ལྟར། ཁོང་བསྐྱར་དུ་གཞོན་ནུའི་ཚོགས་གཙོར་བཞུགས་རྒྱུར་ཁོང་གི་ཆུང་མའི་མོས་མཐུན་གནང་གི་མེད་པ་དང་། གལ་སྲིད་དེ་ལྟར་མུ་མཐུད་ཚོགས་གཙོར་བཞུགས་ཚེ་གཅིག་བྱས་ན་བཟའ་འཐོར་ཡང་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་དྲིས་པར་ཁོང་གིས་གསུངས་དོན། ནང་མིའི་གནས་སྟངས་ནི་ནང་མིའི་གནས་སྟངས་རང་རེད། དེའི་སྟེང་དུ་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་། ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་རེད། རྒྱལ་ཁབ་དང་མི་རིགས་ཤིག་གི་འཐབ་རྩོད་ཁྲོད་མི་རེ་རེ་བཞིན་འགན་འཁྱེར་དགོས་སྟབས། ལས་འགན་སྒྲུབ་སྐབས་མི་སུ་དང་སུ་ཡིན་ནའང་སྒེར་ལ་དཀའ་ངལ་འཕྲད་སྲིད་མོད། དེ་ལ་གདོང་ལེན་བྱ་དགོས་པ་རེད་ཅེས་གསུངས།
ཚོགས་ཆེན་སྐབས་གཞོན་ནུའི་ཚོགས་བཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ཚོགས་མི་ཞིག་གིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པའི་བཀའ་འདྲི་ཞིག་བཏང་ཡོད་སྐོར་འདུག་ལ། སྤྱི་ཚོགས་ནང་དུ་གཞོན་ནུས་༧གོང་ས་མཆོག་གི་ཐུགས་དཀྲུགས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོང་གི་ཡོད་སྟབས་དེའི་སྐོར་དྲིས་པར། ཁོང་གིས་དེ་ནི་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཞིག་རེད། སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་འདུག གལ་ཆེ་ཤོས་མི་སུ་ཡིན་ནའང་དངོས་ཡོད་གནས་ཚུལ་མཁྱེན་དགོས་པ་གལ་ཆེན་པོ་ཆགས་ཡོད། དཀྲོག་གཏམ་གྱི་འོག་ཏུ་མ་ཕྱིན་པར་རང་ཉིད་ཀྱིས་དཔྱད་ཞིབ་བྱས་ཏེ། གནད་དོན་ངོ་མ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད།
ཐེངས་འདིའི་གནད་དོན་འདིར་ཆ་བཞག་ནའང་། ནེའུ་ཡོག་ཏུ་བཞུགས་མཁན་ཕུར་བུ་ཚེ་རིང་ལགས་ཀྱིས་བཀའ་འདྲི་ཞུས་སྐབས་གནས་ཚུལ་དེ་བྱུང་བ་དང་། གནས་ཚུལ་བྱུང་སྐབས་དེ་ག་རང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ངོས་ནས་དགོངས་པ་དྭངས་པའི་སྙན་ཞུ་ཕུལ་ཏེ། དགོངས་པ་དྭངས་པའི་ཞལ་བཞེས་གཙང་མ་ཐོབ་ཡོད། ༧གོང་ས་མཆོག་གིས་གསལ་བོ་བྱས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་ཐུགས་ལ་ཕོག་པ་གང་ཡང་མེད་ཅེས་གསུངས་ཡོད་ཅེས་དང་། ཁོང་གིས་ཕུར་བུ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་ལ་དྲི་བ་ཅི་ཞིག་བཏང་བའི་སྐོར་གསལ་བོར་གསུངས་མེད་མོད། ཕུར་བུ་ཚེ་རིང་རང་ཉིད་སྒེར་ངོས་ནས་ཀྱང་དགོངས་པ་དྭངས་པའི་སྙན་ཞུ་ཕུལ་ཏེ། དགོངས་པ་དྭངས་པ་བྱུང་ཡོད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་བཞག་པ་ད་ལྟའི་བར་དུ་བྱུང་མྱོང་མེད་ལ། ཐེངས་འདིའི་གནད་དོན་འདིར་མཚོན་ནའང་མི་རེ་གཉིས་ཀྱིས་གནས་ཚུལ་བཟོས་བཞག་པ་རེད་མ་གཏོགས། དངོས་ཡོད་གནས་ཚུལ་ཞིག་ཆགས་མེད་ཅེས་གསུངས།
ཁོང་ལ་བོད་རྒྱ་ཞི་མོལ་གྱི་གནས་སྟངས་སྐོར་དྲིས་པར་གསུངས་དོན། བོད་རྒྱ་ཞི་མོལ་གྱི་གནད་དོན་འདིར་ད་ལྟའི་བར་དུ་འབྲེལ་མོལ་ཐེངས་དགུ་ལ་གནང་ནའང་དེ་ལ་གྲུབ་འབྲས་གང་ཡང་བྱུང་མེད། གྲུབ་འབྲས་མ་བྱུང་བ་དེ་རྒྱ་གཞུང་ངོས་ནས་བོད་གྱི་གནད་དོན་སེལ་འདོད་མེད་པ་གསལ་བོ་གསལ་རྐྱང་རེད། དེར་བརྟེན་བོད་རྒྱ་འབྲེལ་མོལ་བྱས་ཏེ་གྲུབ་འབྲས་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་ངོས་ནས་བཟང་སྤྱོད་ཀྱི་རྣམ་པ་མེད་པ་དང་། ཁོང་ཚོས་ཁ་ཡོད་ལག་ཡོད་ཀྱིས་བོད་དོན་ཐག་གཅོད་བྱེད་འདོད་མེད་པ་དེ་གསལ་བོ་ཡིན་སྟབས། བོད་རྒྱ་འབྲེལ་མོལ་ལ་རེ་བ་མེད་སྐོར་གསུངས་ཡོད།
ཐེངས་འདིའི་ཚོགས་ཆེན་སྐབས་གྲོས་ཆོད་མང་དག་ཅིག་བཞག་ཐོག གྲོས་ཆོད་ཁག་ཅིག་བསྐྱར་དུ་གསར་སྣོན་བྱས་ཡོད་ལ། ཁོང་ལ་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་རྣམས་ལག་བསྟར་གང་འདྲ་ཞིག་གནང་ཐུབ་མིན་དྲིས་པར། སྤྱི་ཡོངས་ནས་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དག་ང་ཚོས་ལོ་གསུམ་ནང་ཚུན་དུ་བསྒྲུབ་ཚར་བ་དགོས་ཀྱི་ཡོད་མོད། ཡང་ལོ་གསུམ་མ་འཁོར་བར་དུ་མི་བསྒུག་པར་གྲོས་ཆོད་ཁག་ལས་གང་དག་སྔོན་ལ་བྱ་དགོས་མིན་དབྱེ་གསེས་བྱས་ཏེ། དེ་གཞིར་བཟུང་ང་ཚོས་ལས་འགུལ་སྤེལ་རྒྱུ་མགོ་འཛུགས་དང་རྗེས་མའི་ཚོགས་ཆེན་སྐབས། གྲོས་ཆོད་ཆ་ཚང་བསྒྲུབ་ཚར་བ་བྱ་རྒྱུ་ཡིན་ཞེས་གསུངས།
 
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “གཞོན་ནུའི་རྒྱུན་ལས་གསར་བར་ཡིད་ཆེས་ཡོད་ཟེར།