དབྱངས་ལ་འཐིམས་པའི་བོད།

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་༼དབྱངས་ལ་འཐིམས་པའི་བོད༽ཅེས་པའི་གློག་བརྙན་ཞིག་གསར་དུ་དབུ་འབྱེད་ཡོད་འདུག
ཨ་རིའི་དོན་གཅོད་ཁང་གི་ཟུང་དྲུང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གོ་སྒྲིག་འོག ཉེ་ཆར་བོད་དོན་དང་འབྲེལ་བའི་གློག་བརྙན་གསར་པ་༼དབྱངས་ལ་འཐིམས་པའི་བོད༽ ཅེས་པ་ཞིག་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དུ་གསར་དུ་དབུ་འབྱེད་བྱས་ཡོད་པ་དང་། གློག་བརྙན་དེ་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་བོད་རིགས་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོ་སྒྲིག་བྱས་པ་ཡིན་ལ།   བརྗོད་བྱ་གཙོ་བོར་བོད་ཀྱི་རོལ་དབྱངས་ལ་སྤྲོ་སྣང་ཡོད་པའི་ངག་དབང་ཆོས་འཕེལ་ལགས། ཕྱི་ལོ་ ༡༩༩༥ ལོར་བོད་མདོ་དབུས་ཁམས་གསུམ་གྱི་གནའ་བོའི་རོལ་དབྱངས་འཚོལ་སྒྲུབ་ཆེད་རྒྱ་གར་ནས་ཕྱིར་བོད་དུ་ལོག་སྐབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་མི་ལོ་ ༡༨ གྱི་ཁྲིམས་ཐག་བཅད་པའི་ཡིད་སྐྱོའི་གནས་ཚུལ་དང་། སྲོལ་རྒྱུན་གྱི་བོད་ཀྱི་རྣམ་པ་ཡོད་ཚད་དེང་རབས་ཅན་དུ་བསྒྱུར་བཞིན་ཡོད་ཚུལ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་སྤྱི་དང་།  ལྷག་པར་དུ་བོད་ཀྱི་ཟློས་གར་རིག་གནས་ཇི་ལྟར་ཉམ་ཆག་ཏུ་འགྲོ་བཞིན་ཡོད་པའི་སྐོར་བཅས་གསལ་སྟོན་བྱས་ཡོད།    
འདིའི་ཐད་ངག་དབང་ཆོས་འཕེལ་ལགས་ཀྱིས་བརྗོད་དོན།  གློག་བརྙན་དེ་བཟོ་རྒྱུར་ལོ་ ༧ ཙམ་འགོར་ཡོད་ལ། དུས་ཡུན་དེའི་རིང་ལ་ཆེད་ལས་པའི་ལག་རྩལ་དང་། དཔལ་འབྱོར་གྱི་མཐུན་རྐྱེན་སོགས་མ་འདང་པའི་དཀའ་ངལ་འཕྲད་ཡོད་ནའང་མཐའ་མར་གྲུབ་འབྲས་ལེགས་པོ་ཞིག་བྱུང་སོང་ཞེས་བརྗོད་ཡོད། འཆར་གཞི་ལྟར་ན་གློག་བརྙན་དེ་ཕྱི་ཟླ་  ཚེས་ ༢༤ ནས་བཟུང་མགོ་འཛུགས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་།  བྷོ་སི་ཊོན།  ཆི་ཁ་གྷོ། ཝ་ཤིན་ཊོན།   སིན་ཧྥུ་རན་སེ་སི་ཁོ་སོགས་གྲོང་ཁྱེར་ཆེ་ཁག ༡༡ ལ་ཡོངས་ཁྱབ་ཐོག་གཟིགས་འབུལ་ཞུ་རྒྱུ་རེད།
 
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “དབྱངས་ལ་འཐིམས་པའི་བོད།

  1. འབད་བརྩོན་ལྷོད་མེད་ཀྱིས་རང་མི་རིགས་ཀྱི་ཆེད་དུ་རང་ཉིད་ཀྱིས་དུས་ཚོད་གང་མང་བཏང་ནས་བོད་མིའི་ལོ་རྒྱུས་རང་བཞིན་གྱི་གློག་བརྙན་ཞིག་གསར་བཟོ་བྱས་པར་བོད་མི་བྱིངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཟེར་གྱི་ཡིན།

  2. གློག་བརྙེན་དེ་གས་ཆེན་པོ་རེད། དངོས་གནས་འདས་པའི་ནང་གི་སྐྱི་གཡའ་བའི་ལོ་རྒྱུས་དེ་དྲན་ན་རང་བཞིན་གྱིས་
    འཇིགས་སྣང་སྐྱེ་བ་ཞིག་རེད།