བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ། ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་རྟེན་གཞི་བྱས་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ནང་ཚོགས་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་༡༥ནས་༢༡བར་གྱི་ཉིན་གྲངས་ལྔ་ལྷག་གི་རིང་ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་ཡོད་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོ་རུ་སྐོང་འཚོགས་བཞིན་ཡོད་ལ།ཕྱི་ཚེས་༡༦ཉིན་ཚོགས་མི་རྣམས་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཆོའོ་རྫི་ར་བྷོ་ལགས་ཀྱི་ཚོགས་འདུ་དངོས་སུ་མགོ་འཛུགས་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་༢༡ལྷག་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་ཞིབ་འཇུག་པ་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་མི་གྲངས་༣༠༠ལྷག་འདུ་འཛོམས་ཀྱིས།བོད་ཀྱི་རིག་གནས་ཆེ་བ་ལྔ་གཙོས་བརྗོད་བྱ་སྣ་ཚོགས་སྟེང་ཆེད་རྩོམ་སྒྲོག་སྦྱོང་གནང་གི་ཡོད་པར་མ་ཟད།ཕྱི་གླིང་བ་བོད་རིག་པའི་ཞིབ་འཇུག་མི་སྣ་ཁག་ཅིག་གིས་བོད་ཀྱི་ཨར་ལས་མཉམ་བཟོ་དང་དཔལ་འབྱོར།མིའི་རིགས་རིག་པའི་སྐོར།བོད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་སྟངས།རི་མོ་དང་མཆོད་ཆས་འདྲ་མིན།བོད་ཀྱི་གྱོན་ཆས་འདྲ་མིན་ཀྱི་རིགས་སོགས་ཀྱི་སྟེང་ཚོགས་ཆུང་བཅུ་རུ་བགོས་ཏེ།ཚོགས་ཞུགས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱོང་དང་བགྲོ་གླེང་གནང་གིན་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་སྟེང་བོད་ནས་མི་སྣ་༤༠ལྷག་ཕེབས་ཐུབ་ཡོད་ཀྱང་།གཞན་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པའི་དབང་གིས་ཚོགས་འདུར་བཅར་ཐུབ་མེད་སྟབས།རྒྱལ་སྤྱིའི་བོད་རིག་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས།རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་འདི་ཉིད་ཆབ་སྲིད་ཀྱི་ངོ་བོ་མ་འདྲེས་པའི་ཚོགས་ཆེན་ཞིག་དང་། བོད་རིག་པའི་ཞིབ་འཇུག་གི་ཐད་བགྲོ་གླེང་གནང་བཞིན་པའི་ཚོགས་ཆེན་ཞིག་ཡིན་ནའང་།རྒྱ་ནག་གཞུང་གིས་བོད་ནས་ཕེབས་འདོད་ཡོད་པའི་མི་སྣ་གང་མང་ཞིག་ལ་ཕྱི་སྐྱོད་ལག་འཁྱེར་དང་མཐོང་ཆེན་མ་སྤྲད་པར་བློ་ཕམ་ཆེན་པོ་ཡོད་སྐོར་དང་།མ་འོངས་པ་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་དེ་ནི་ཕྱི་ལོ་ ༡༩༧༩ལོར་སུད་སིའི་གྲོང་ཁྱེར་ཛི་རིལ་ནང་མགོ་འཛུགས་བྱས་ཡོད་པ་དང་།དུས་དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཐེངས་རེར་སྐོང་འཚོགས་གནང་གི་ཡོད་པ་རེད།
གསར་འགོད་པ་དོན་གོ།