གྲྭ་སྨོན་ལམ་གྱི་ཚིག་མཛོད་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆབ་སྲིད་བཅས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་སྟབས་མུ་མཐུད་མི་ཚེ་ཧྲིལ་བོར་ལས་དོན་འདིའི་ཐོག་ཏུ་གཏོང་ཐུབ་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་ཕན་ཐོགས་འབྱུང་གི་རེད་ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས།
ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་དང་། འབྱུང་འགྱུར་བཟོ་འཆར་གྱི་ཚིག་མཛོད་ཆེན་མོའི་སྐོར་གྱི་བགྲོ་གླེང་ཞིག་གནང་ཡོད། བགྲོ་གླེང་མཛད་སྒོའི་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས།ཐེངས་འདིར་༸གོང་ས་མཆོག་གིས་ཆེད་དུ་མངགས་པའི་དམིགས་བསལ་སྐུ་ཚབ་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས།དེ་བཞིན་བོད་གཞུང་གི་དྲུང་ཆེ་རྣམ་པ་དང་ལས་ཁུངས་ཁག་གི་འགན་འཛིན།ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ནས་ཕེབས་པའི་ཤེས་ལྡན་པ་དང་གསར་འགོད་པ་བཅས་འདུ་འཛོམས་བྱུང་ཡོད། ཐེངས་འདིའི་མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་བསྡུ་སྒྲིག་གནང་མཁན་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས།ཁོང་གིས་བོད་ནང་མི་ལོ་ ༡༧ རིང་བསྡད་པ་དང་། བཙན་བྱོལ་ནང་མི་ལོ་ ༡༧ རིང་བསྡད་སྐབས་སློབ་སྦྱོང་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་ཐོག་མར་སྨོན་ལམ་ཡིག་གཟུགས་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་ཐོག་དཀའ་ལས་བརྒྱབས་པའི་གོ་རིམ་དང་།དེ་བཞིན་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་དེ་ཉིད་ཕྱིའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་ཐུབ་པའི་ཐད་ནུས་པ་བཏོན་ཚུལ་དང་འབྲེལ། སྨོན་ལམ་ཐོན་རིམ་དང་པོའི་ནང་གི་ཐ་སྙད་བསྡུ་སྒྲིག་སྐོར་ངོ་སྦྲོད་གནང་།ཁོང་གིས་ཐེངས་འདིའི་ཚིག་མཛོད་ནང་རང་ཉིད་ཀྱིས་བསྡུ་སྒྲིག་བྱས་པའི་ཐ་སྙད་ལས་གཞན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྡུ་སྒྲིག་བྱས་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དང་།བོད་ནང་གི་ཤེས་ལྡན་པ་ཁག་མཉམ་རུབ་ཐོག་བསྡུ་སྒྲིག་བྱས་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་བསྡུས་ཏེ་བཀོལ་སྤྱོད་སྟབས་བདེ་ཞིག་བཟོས་ཡོད་ལ།ཐེངས་འདིར་ཤེས་ལྡན་པ་ཁག་ཅིག་གདན་ཞུས་ཐོག་འབྱུང་འགྱུར་བཟོ་འཆར་གྱི་ཚིག་མཛོད་དེའི་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗོད་པའི་རེ་བ་ཡོད་སྐོར་བརྗོད་བྱུང་།
ཐེངས་འདིའི་བགྲོ་གླེང་གི་ལས་རིམ་འདི་བརྒྱུད་བཀའ་ཁྲི་མཆོག་དང་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་རྣམ་གཉིས་ཀྱིས་གྲྭ་བློ་བཟང་སྨོན་ལམ་ལགས་སུ། བོད་གཞུང་བཀའ་ཤག་དང་༸གོང་ས་མཆོག་སྐུ་སྒེེར་གྱིས་ཚབ་ཞུས་ཏེ་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་བསྒྲོན་རྗེས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། བློ་བཟང་སྨོན་ལམ་ལགས་ཀྱིས་དུས་ཡུན་རིང་པོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ། བོད་ཀྱི་ཡིག་གཟུགས་དང་སྒྲ་གདངས་ཀྱིས་མཚོན་པའི་ལས་དོན་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་རེད། གྲུབ་འབྲས་དེ་བོད་མི་རིགས་ཀྱི་རིག་གཞུང་དང་ཆབ་སྲིད་ཙམ་དུ་མ་ཟད།ཕུགས་རྒྱང་རིང་པོའི་བོད་ཀྱི་གནས་སྟངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཞིག་ཡིན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་ཞེས་གསུངས་པ་བཞིན། གང་དུ་ཕྱིན་ཡང་སྐད་ཡིག་གི་གཞི་རྟེན་མེད་ན་རྩ་བ་ནས་འགྲིག་གི་མེད་པ་ཞིག་རེད་ལ།མི་རིགས་ཀྱི་དབྱེ་བ་དེ་སྐད་ཡིག་གི་ཐོག་ནས་དབྱེ་དགོས་པ་མ་གཏོགས་དེ་མིན་གྱི་ཐོག་ནས་དབྱེ་སྟངས་དམིགས་བསལ་ཡོད་པ་མ་རེད།བོད་རྒྱ་མི་རིགས་གཉིས་གཅིག་པ་རེད་དམ།ཡང་ན་བོད་རྒྱ་མི་རིགས་གཉིས་ཐ་དད་རེད་ཅེས་སྐད་ཆ་འདྲི་སྐབས། ཁྱད་པར་གཙོ་བོ་སྐད་དང་ཡི་གེ་རེད། སྐད་དང་ཡི་གེ་ཐ་དད་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྤྱོད་པ་འཁྱེར་སྟངས་དང་བསམ་བློ་གཏོང་ཕྱོགས།མི་ཚེ་སྐྱེལ་སྟངས།གཏན་གྱི་འདུན་མ་བསྒྲུབ་སྟངས་སོགས་ཚང་མར་མི་འདྲ་བ་རེ་ཡོད་པ་རེད།སྐད་ཡིག་གི་ཐོག་བཤད་པ་ཡིན་ན་བོད་ཀྱི་སྐད་ཡིག་དེ་ལོ་རྒན་པ་མ་རེད་ལ་གཞོན་པའང་མ་རེད།བོད་ཀྱི་སྐད་དེ་སྲིད་པ་ཆགས་དུས་ནས་ཡོད་ཀྱང་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་དེ་སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་གཞི་ནས་མགོ་ཚུགས་ཡོད་དུས།འཛམ་གླིང་རྒྱལ་ཁབ་གཞན་པའི་བརྡ་སྤྲོད་དང་བསྡུར་ན་རྙིང་པ་གང་ཡང་མ་རེད།ལྷག་པར་དུ་རྒྱ་གར་གྱི་ཡིག་རིགས་ཁག་གི་བརྡ་སྤྲོད་རྣམ་གཞག་དང་། ནུབ་ཕྱོགས་ཀྱི་བརྡ་སྤྲོད་རྣམ་གཞག་ལ་བསྡུར་བ་ཡིན་ན་ཧ་ཅང་ལོ་ན་གཞོན་གཞོན་རེད།ཡིན་ནའང་ལོ་གཞོན་མིན་ལ་མ་ལྟོས་པར་བོད་ཀྱི་སྐད་ཡིག་དེ་ཧ་ཅང་ཕྱུག་པོ་ཞིག་རེད་ཅེས་དང་།
ཡང་བཀའ་ཁྲི་མཆོག་གིས། དེང་སང་ནུབ་ཕྱོགས་པས་བཤད་སྟངས་ལྟར་ན་བརྡ་སྤྲོད་དང་རྩོམ་རིག་ཅེས་ལབ་ཀྱིན་ཡོད་ལ།ང་ཚོས་བརྡ་སྤྲོད་དང་ཚིག་རྒྱན་ཞེས་ལབ་ཀྱི་ཡོད་པ་རེད།རྣམ་གཞག་དེ་གཉིས་ཀྱི་ཐོག་ནས་སྐད་ཡིག་དེའི་ཕྱུག་ཚད་ཆེ་ཆུང་ལ་བལྟ་དགོས་པ་རེད།ང་ཚོས་བལྟས་ཡོང་དུས་འཛམ་གླིང་ཐོག་བརྡ་སྤྲོད་ཀྱི་ཆ་དང་ཚིག་རྒྱན་གྱི་ཆ་ནས་ཕྱུག་ཤོས་དེ་ལེགས་སྦྱར་རེད་ལབ་ན་འགྲིག་པ་ཞིག་ཡིན་ལ། དེ་ང་ཚོས་འོལ་ཚོད་ཀྱིས་བཤད་པ་དེ་འདྲ་མིན་པར་ཡོངས་གྲགས་ཐོག་ཁས་ལེན་གྱིན་ཡོད་པ་རེད།དེར་བརྟེན། ཚན་རིག་པ་ཚོས་གློག་ཀླད་ནང་འཇུག་བདེ་ཤོས་དང་སྤྱོད་བདེ་ཤོས་དེ་ལེགས་སྦྱར་རེད་ཅེས་བཤད་ཀྱིན་ཡོད་ན། དེ་དང་མཉམ་དུ་ཏག་ཏག་འགྲོ་ཐུབ་མཁན་དེ་བོད་ཡིག་མ་གཏོགས་མེད་ཅེས་ལབ་ན་མ་འགྲིག་པ་མེད། བོད་ཡིག་དེར་བརྡ་སྤྲོད་དང་ཚིག་རྒྱན་གྱི་རྣམ་གཞག་གང་ཐད་ནས་ལེགས་སྦྱར་དང་མཉམ་དུ་འགྲོ་ཐུབ་ཀྱིན་ཡོད་པ་ལས་སྐད་ཡིག་གཞན་ལ་དེ་འདྲའི་ནུས་པ་མེད། ལེགས་སྦྱར་ནང་ཡོད་པའི་དོན་གཅིག་མིང་གི་རྣམ་གྲངས་དེ་སྐད་ཡིག་གཞན་པའི་ནང་ཡོང་ཐབས་མེད་ཀྱང་བོད་ཡིག་ནང་ཏག་ཏག་འགྲོ་ཐུབ་ཀྱི་ཡོད་སྟབས། བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཞན་དང་མ་འདྲ་བར་ཕྱུག་པོ་ཡིན་ཞེས་བཀའ་སློབ་གནང་བར་མ་ཟད། སྨོན་ལམ་གྱི་ཚིག་མཛོད་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་།ཆབ་སྲིད་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པས།མུ་མཐུད་མི་ཚེ་ཧྲིལ་པོ་ལས་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
གསར་འགོད་པ་དོན་གོ་དང་དཔལ་ལྡན་རྒྱ་མཚོ།