དྲུང་ཡིག་ཆེན་མོར་བསྐོ་བཞག

 བོད་གཞུང་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་སྐུ་ཞབས་སྟོབས་རྒྱལ་ལགས། ཚོགས་དྲུང་ལས་ཁུངས་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་འདུག

བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་གྱི་ཕྱག་ལས་གནང་བཞིན་པའི་སྐུ་ཞབས་སྟོབས་རྒྱལ་ལགས། ཉེ་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་སྟེ། དེ་རིང་ནས་བཟུང་ལས་གནས་དེའི་ཐོག་ཕྱག་ལས་གནང་མགོ་བརྩམས་ཡོད་འདུག 
སྐུ་ཞབས་སྟོབས་རྒྱལ་ལགས་ནི། ཕྱི་ལོ་ ༡༩༥༡ ལོར་སྟོད་དིང་རིར་སྐྱེས་ཤིང་།  ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། བལ་ཡུལ་ཤར་ཁུམ་པུར་ཀ་བློན་སྦུག་ཏུ་ཡོད་པའི་དབུས་བོད་གཞུང་སློབ་གྲྭའི་ནང་སློབ་གཉེར་གནང་བ་དང་། ༡༩༧༠ ལོ་ནས་ ༡༩༧༦ ལོའི་བར་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། རིགས་ལམ་གཙོ་བོར་གྱུར་བའི་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ༡༩༧༦ ལོར་བཙན་བྱོལ་བོད་གཞུང་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་གནང་མགོ་བརྩམས། དུས་དེ་ནས་བཟུང་ལོ་དྲུག་རིང་ཉམས་ཞིབ་ཀྱི་ཕྱག་ལས་གནང་བ་དང་།  ༡༩༨༢ ལོར་ཚོགས་དྲུང་ལས་ཁུངས་སུ་གནས་སྤོར་བྱས་ཏེ་དེ་རུ་ལོ་བདུན་རིང་ཕྱག་ལས་གནང་ཡོད། 

དེ་བཞིན་ཁོང་གིས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༩ པའི་འོས་བསྡུའི་ཚོགས་མི་དང་།  ༡༩༩༠ ལོར་བྷན་ཌ་ར་ས་གནས་མགོ་འཛིན་གྱི་ཕྱག་ལས་གནང་བར་མ་ཟད། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་དང་གཞོན་ནུའི་དབུས་རྒྱུན་ལས་ཀྱི་ཚོགས་མི་ཡང་གནང་མྱོང་ཡོད་འདུག ༡༩༩༡ ལོ་ནས་ ༡༩༩༤ ལོའི་བར་བཙན་བྱོལ་བོད་མིའི་རྩ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་བགྲེས་པོའི་ཐོག་ཕྱག་ལས་དང་བཀའ་དྲུང་ཡིག་ཚང་དུ་ལོ་ ༡༡ རིང་ཕྱག་ལས་གནང་ཡོད།  ༢༠༠༥ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རེ་འདུན་འོག དྲུང་འཕར་གྱི་མཚན་གནས་ཐོག་ཚོགས་དྲུང་ལས་ཁུངས་སུ་ལས་བཅར་ཞུས་ཏེ། ད་བར་ལྷན་ཁང་དེར་ཕྱག་ལས་གནང་མུས་ཡིན་ཡང་། ཉེ་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་ཁོང་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་སྟེ། དེ་རིང་ནས་བཟུང་ལས་མགོ་བརྩམས་ཡོད།

 

གསར་འགོད་པ་དོན་གོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply