བལ་ཡུལ་ནང་བོད་མིར་དམ་དྲག་དང་མི་ ༢ འཛིན་བཟུང་།







བོད་ཀྱི་མང་གཙོའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་མཆོད་རྟེན་ཉེ་འགྲམ་གྱི་སྡོད་ཁང་ཞིག་ནས་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པར་མ་ཟད། བལ་ཡུལ་གནས་སྡོད་བོད་མི་ཚོར་དམ་དྲག་ཤུགས་ཆེར་བྱེད་ཀྱིིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཡོད་པའི་ཉེན་རྟོག་ཚན་པས། མིང་ལ་སྐལ་བཟང་དངོས་གྲུབ་དང་བཀྲ་ཤིས་ཟླ་བ་འབོད་པའི་བོད་མི་གཉིས་སྡོད་ཁང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། བལ་ཡུལ་ཆོས་འབྱོར་ཁུལ་གྱི་ས་གནས་མངགས་གཏོང་ཁང་དུ་བཀག་ཉར་བྱས་ཡོད་འདུག  

བོད་མི་འདི་གཉིས་གློད་གྲོལ་ཐད་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བོད་མི་དྭང་བླངས་པ་ཁག་ཅིག་གིས་རོགས་སྐྱོར་བྱས་ཡོད་ཀྱང་། བལ་ཡུལ་ཉེན་རྟོག་པས་ད་ལྟའི་བར་གྱི་བོད་དོན་ལས་འགུལ་གྱི་རྐྱེན་པས་བཀྲ་ཤིས་ཟླ་བ་ལགས་འཛིན་བཟུང་བྱས་ཐེངས་གསུམ་དང་སྐལ་བཟང་དངོས་གྲུབ་ལགས་འཛིན་བཟུང་ཐེངས་བཞི་བ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པར་མ་ཟད། ཉེན་རྟོག་པ་གློ་བུར་ཁོང་གཉིས་ཀྱི་སྡོད་ཁང་དུ་ཕྱིན་ཏེ་བསྔོག་གཤེར་བྱེད་སྐབས་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གི་རྒྱལ་དར། དེ་མིན་ཡིག་ཆ་མང་པོ་ཞིག་ལག་སོན་བྱུང་ཡོད་ཚུལ་དང་། གཞན་བོད་ཡིག་བྲིས་ཡོད་པའི་ལག་བྱང་ visiting card ཉིས་བརྒྱ་ལྷག་ཡོད་པ་དེ་ཅི་ཡིན་ཤེས་རྟོགས་བྱུང་མེད་ཚུལ་འགྲེལ་བརྗོད་བྱས་འདུག
ད་ལྟའི་ཆར་བལ་ཡུལ་འགྲོ་བ་མའི་ཐོབ་ཐང་ཚོགས་པས་བོད་མི་དེ་གཉིས་ལ་ཉེ་རྡུང་མནར་གཅོད་མི་གཏོང་བའི་ཁག་ཐག་བྱེད་ཀྱིན་པ་ལས། བཙོན་ཁང་ནས་གློད་གྲོལ་ཡོང་ཐབས་ལ་ནུས་པ་མེད་ཚུལ་འགྲེལ་བརྗོད་གནང་ཡོད་འདུག 
ཡིན་ནའང་། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་བལ་ཡུལ་མཆོད་རྟེན་ཉེ་ཁུལ་གྱི་ཉེན་རྟོག་པས་ཁོང་གཉིས་མངགས་གཏོང་ཁང་ནས་བཀག་སྐྱིལ་ཁང་གཞན་ཞིག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། བལ་ཡུལ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་གཉིས་ལས་སླ་བོའི་ངང་ཐག་གཅོད་བྱ་རྒྱུ་མིན་པར་ས་གནས་གཞན་ཞིག་ལ་ཁྲིད་འཆར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་ལ། ད་ལྟའི་ཆར་ས་གནས་བོད་མི་ཚོས་ཁོང་གཉིས་ཀྱིས་རྐུན་མ་དང་ཇག་པ་བརྒྱབ་པ་དེ་འདྲ་མ་ཡིན་པར། འདས་པའི་ ༢༠༠༨ ལོའི་བོད་ནང་ཞི་རྒོལ་རྗེས་དང་གསུམ་ཅུའི་དུས་དྲན་སོགས་ཀྱི་སྐབས་སུ་སྐད་འབོད་བྱས་སྟབས་འཛིན་བཟུང་ཐེངས་མང་བྱས་ཡོད་པ་དང་། ཐེངས་འདིར་ཁོང་གཉིས་འཛིན་དོན་དེ་རྒྱ་མིའི་མགོ་ཁྲིད་ཞིག་བལ་ཡུལ་ནང་སླེབས་ཀྱིན་ཡོད་པ་དང་། བོད་ཀྱི་མང་གཙོའི་དུས་ཆེན་སླེབས་ལ་ཉེ་བའི་དབང་གིས་ཡིན་ཚུལ་ཚོད་དཔག་བྱེད་ཀྱིན་ཡོད་འདུག
བལ་ཡུལ་གཞུང་གིས་འདས་བའི་ལོ་ཤས་གོང་ནས་བཟུང་བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་གསུམ་ཅུའི་དུས་དྲན་དང་༸གོང་ས་མཆོག་གི་འཁྲུངས་སྐར་སོགས་གལ་ཆེའི་དུས་ཆེན་ཁག་སྲུང་གཙིའི་ཐད་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པར་མ་ཟད། བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་ལ།ནམ་རྒྱུན་དུས་ཆེན་ཁག་སླེབས་ལ་ཉེ་སྐབས་བལ་ཡུལ་དུ་གནས་སྡོད་བོད་མི་དང་རྒྱ་གར་ནས་བལ་ཡུལ་ནང་གཉེན་འཕྲད་དུ་ཕྱིན་པའི་རིགས་ལ་དམ་དྲག་བྱེད་ཀྱིན་ཡོད་འདུག  
དེ་བཞིན་ད་ལྟའི་ཆར་ཡང་བོད་མི་ཚོར་སྔར་ལས་ལྷག་པའི་དམ་དྲག་ཆེ་རུ་ཕྱིན་ཡོད་ཚུལ་ས་གནས་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བྱུང་།

འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ་བོད་གཞུང་གི་ངོས་ནས་ཐེངས་འདིར་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཉིས་གློད་གྲོལ་ཡོང་ཐབས་དང་། མ་འོངས་པར་བོད་གཞུང་གིས་བལ་ཡུལ་དུ་གནས་སྡོད་བོད་མིའི་བདེ་འཇགས་ལ་ལྟ་རྟོགས་དང་རོགས་སྐྱོར་གང་འདྲ་ཞིག་གནང་འཆར་ཡོད་མེད་དྲིས་པར།ཁོང་གིས།དེའི་ཐད་ང་ཚོ་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་ལ།སྤྱིར་བལ་ཡུལ་དེ་དམངས་གཙོའི་ལུང་པ་ཞིག་ཡིན་པ་དང་། དེའི་ནང་བལ་ཡུལ་རང་གི་མི་སེར་གཙོས་བོད་མི་ཚོར་ཡང་ཞི་བའི་ལམ་ནས་རང་ཉིད་ཀྱི་བསམ་ཚུལ་དང་བདེ་སྡུག་གླེང་བའི་དབང་ཆ་ཡོད་པ་དེ་དམངས་གཙོའི་སྤྱི་ཚོགས་ཀྱི་མི་རེ་རེར་ཡོད་པའི་ཐོབ་ཐང་ཞིག་རེད། ཐེངས་འདིར་བོད་མི་དེ་གཉིས་ཀྱི་དམངས་གཙོའི་ཐོབ་ཐང་བེད་སྤྱད་དེ་ཡིག་ཆ་འགྲེམས་སྤེལ་བྱས་པ་དེ་འོས་ཤིང་འཚམ་པ་ཞིག་ཡིན་སྟབས། བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་མི་གཉིས་འཕྲད་དུ་གློད་གྲོལ་གནང་རོགས་ཞེས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད།

དེ་མིན།ཉེ་བའི་དུས་ནས་བཟུང་བལ་ཡུལ་གཞུང་གིས་བོད་ནས་བཙན་བྱོལ་ཏུ་ཕེབས་པའི་རིགས་ཕྱིར་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་དང་། བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་དཀའ་ངལ་གང་མང་ཞིག་སྤྲོད་ཀྱིན་པ་དེ་མ་འགྲིག་པ་ཞིག་རེད་བསམ་གྱིན་ཡོད། བལ་ཡུལ་དང་བོད་ནི་ད་ལྟའི་དུས་འདིར་གསར་དུ་ངོ་ཤེས་པ་ཞིག་མ་ཡིན་པར། འདས་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ནས་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། སྔ་རབས་ཀྱི་འབྲེལ་བ་རྩ་ཆེན་དུ་རྩིས་ཏེ་ཕན་ཆུན་ལ་བསམ་ཤེས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།
ཡང་ཁོང་གིས།བཙན་བྱོལ་བོད་གཞུང་ནི་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོའི་བདེ་སྡུག་ལ་ལྟ་རྟོགས་བྱེད་མཁན་གྱི་གཞུང་ཞིག་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་ཐད་ཀར་བལ་ཡུལ་གཞུང་ལ་འབོད་སྐུལ་བྱ་རྒྱུ་དཀའ་ཡང་། ང་ཚོས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་བོད་ལ་ཤ་ཚ་ཡོད་པའི་ཕྱིའི་རྒྱལ་ཁབ་གང་མང་ཞིག་བརྒྱུད་དེ་བལ་ཡུལ་གཞུང་གིས་བོད་ནས་འབྱོར་བའི་བོད་མི་ཕྱིར་རྩིས་སྤྲོད་བྱེད་ཀྱིན་པ་དང་། བལ་ཡུལ་དུ་གནས་སྡོད་ཀྱི་བོད་མི་ཚོའི་བདེ་འཇགས་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་པ་རེད་ལ། མ་འོངས་པར་ཡང་བལ་ཡུལ་དུ་གནས་སྡོད་བོད་མི་ཚོའི་བདེ་འཇགས་ལ་རོགས་སྐྱོར་དང་ལྟ་རྟོགས་བྱ་དགོས་ངེས་རེད་ཅེས་གསུངས་བྱུང་།
 
གསར་འགོད་པ། དོན་གོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “བལ་ཡུལ་ནང་བོད་མིར་དམ་དྲག་དང་མི་ ༢ འཛིན་བཟུང་།

  1. ཤེལ་དཀར་བློ་བཟང་།

    ད་ཐེངས་བོད་གཞུང་མང་ཚོགས་ཆེན་ཐོག་གྲོས་ཆོད་བྱུང་པ་ལྟར། ཁུལ་དེར་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་ཚེགས་སེལ་ཆེད་ལེགས་སྤེལ་ཉེས་འགོག་གི་ཐབས་ཇུས་གང་མགྱོགས་ལག་ལེན་གནང་རོགས།

  2. ལྷོ་ཕྱོགས་རྒྱ་མཚོ།

    ཉེས་མེད་བོད་མི་ནང་ནས་ལྷག་པར་ཏུ་གསར་དུ་འབྱོར་བའི་བོད་མི་དག་ཤིན་ཏུ་ཁག་པོ་བྱུང་བཞིན་ཡོད། གལ་སྲིད་བཙན་བྱོལ་བོད་བཞུང་གིས་གསར་གཞིས་བོད་མིའི་ཐོབ་ཐང་འདྲ་མཉམ་མ་བྱས་ཚེ། དཀའ་སྡུག་འཕར་མ་ཞིག་གསར་དུ་འབྱོར་བའི་བོད་མི་ཚོས་མྱོང་དགོས་འདུག་པས། དེ་ལས་གཞུང་དགའ་ལྡན་ཕོ་བྲང་ནས་ཕྱིན་ཆད་བོད་ནས་གསར་དུ་བཙན་བྱོལ་དུ་མ་ཡོང་ཞེས་པའི་གསར་བསྒྲགས་ཤིག་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད།