འབྲུག་ཆེན་རིན་པོ་ཆེར་གཟེངས་རྟཊ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ལས་གཞིའི་ཕུལ་བྱུང་གཟེངས་རྟགས་ཤིག་འབྲུག་པ་བཀའ་རྒྱུད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཝོ་ཁྲོ་ཧྤུ་ཨར་སི་ཁྲོ་རེ་ཞེས་པའི་མགྲོན་ཁང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིསྟོང་ལོ་གསར་བའི་ཡར་རྒྱས་ལས་དོན་གྱི་གྲུབ་ཆ ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་ཅིང་། ཕྱི་ཚེས་ ༢༠ ཉིན་ ༢༠༠༠ ལོར་འཛམ་གླིང་གི་རྒྱལ་ཁབ་ ༡༨༩ གི་དབུ་ཁྲིད་དང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག གྲོས་ཆོད་གཏན་འབེབས་གནང་བ་ལྟར། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་མི་སྒེར་ཁྲོད་འཛམ་གླིང་གི་ཡར་རྒྱས་འཛུགས་སྐྲུན་དང་དབུལ་ཕོང་སེལ་ཐབས། དེ་བཞིན་ལོ་ཆུང་བྱིས་པར་ཤེས་ཡོན་སློབ་གསོའི་གོ་སྐབས་སྐྲུན་པའི་ཕྱག་ལས་གནང་མཁན་གྱི་མི་སྣ་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། དེའི་ཁྲོད་འབྲུག་པ་བཀའ་རྒྱུད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་དུ་སྨན་ཁང་དང་སློབ་གྲྭ་གསར་འཛུགས། བུད་མེད་ཤེས་ཡོན་གོང་འཕེལ་གྱི་ལས་གཞི། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་རླབས་ཆེ་བའི་ཕྱག་ལས་གནང་བར་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

 

ཐེངས་འདིའི་ཚོགས་ཐོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་མཆོག་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཨ་ཀཱ་ས་ཀཱ་མཆོག་ཐེངས་འདིར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་ཐོན་རིགས་ལ་བྱ་དགའ་སྤྲོད་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་ཀྱི་གཏམ་བཤད་གནང་རྗེས་གཟེངས་རྟགས་དེ་དངོས་སུ་འབུལ་བཞེས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རི་རྒྱལ་ཁབ་གཞན་མང་པོ་ཞིག་གི་གནད་ཡོད་མི་སྣ་ཕེབས་ཡོད་པ་མ་ཟད། ཨ་རིའི་ནང་གི་འཁྲབ་སྟོན་པ་དང་རྩོམ་པ་པོ་སོགས་སྙན་གྲགས་ཅན་གྱི་མི་སྣ་མང་པོ་ཞིག་ཀྱང་འདུ་འཛོམས་བྱུང་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་བའི་ཡར་རྒྱས་ལས་དོན་གྱི་གྲུབ་ཆ་ཞེས་པའི་ལས་གཞི་འདི་ནི།  ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་གི་རྒྱལ་ཁབ་ ༡༩༠ ཙམ་གྱིས་མ་འོངས་ ༢༠༡༥ བར་གྱི་ལོ་ ༡༥ ནང་ཚུད་དུ་འཛམ་གླིང་ཡུལ་གྲུ་གང་སར་དབུ་ཕོངས་དང་བཀྲེས་སྐོམ་གྱི་དཀའ་ངལ་སེལ་ཐབས། ན་ཆུང་བྱིས་པར་ཟས་བཅུད་མི་འདང་བ་དང་བུད་མེད་སྦྲུམ་མའི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས། བུད་མེད་ཀྱི་ནུས་པ་སྤེལ་ཐབས། བྱིས་པ་ལོ་ཆུང་ཚོར་དམའ་རིམ་སློབ་སྦྱོང་སྤྲོད་ཐབསཁོར་ཡུག་སྲུང་སྐྱོབ། ཨེ་ཙི་ནད་གཞི་སྔོན་འགོག་སོགས་དོན་ཚན་བརྒྱད་ཀྱི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཉམ་ཐག་རིགས་ལ་རོགས་འདེགས་བྱ་རྒྱུར་དམིགས་པ་ཞིག་ཡིིན་འདུག་ལ།  ཐེངས་འདིར་ཨ་ཧྤུ་རི་ཀའི་མཱ་ལེ་ཝེ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་བྷང་ལ་ཌེ་ཤིའི་སྲིད་བློན་ལྕམ་སེ་ཁ་ཤེ་ནཱ། དེ་བཞིན་ཊམ་ཙལ་ནེ་ཡཱ། ཇོར་ཌན། མོ་ནཱ་ཀོལ་སོགས་རྒྱལ་ཁབ་སྐོར་ཞིག་གི་གཟེངས་ཐོན་མི་སྣར་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག

གསར་འགོད་པ། དོན་གོ

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

20 thoughts on “འབྲུག་ཆེན་རིན་པོ་ཆེར་གཟེངས་རྟཊ།

  1. རྫ་ཚེ་རིང་བཀྲ་ཤིས།

    འབྲུག་ཆེན་རིན་པོ་ཆེ་བོད་པ་ཡིན་པར་མ་ཟད། ཁམས་པ་རེད། ཁོང་གིས་ཤའི་ཁ་ཟས་དང་འབྲེལ་བའི་བཀའ་སློབ་ཞིག་ཏུ། གཞན་ང་ཤ་ལ་ཞེ་དྲགས་དགའ་བོ་ཡོད། ཁམས་པའི་ཕྲུ་གུ་རེད་པ། ཞེས་གསུངས་འདུག འདི་ནི་འབྲུག་ཆེན་རིན་པོ་ཆེས་བྷེལ་ཀོབ་རྒྱལ་བའི་ཕོ་བྲང་དུ་གནང་བའི་བཀའ་སློབ་ཞིག་རེད། བཀའ་སློབ་ཆ་ཚང་ངས་ལོ་གཅིག་གི་སྔོན་ལ་ཕབ་བཤུས་བྱས་ཡོད། གང་མགྱོགས་དྲ་ཐོགས་སུ་འཇོག་གི་ཡིན།

  2. དྭགས་བསྟན།

    ཨ་པོ་མཐུ་ཆེན་ལགས་ཀྱིས་གསུངས་པ་ལྟར་ན་འབྲུག་ཆེན་རིན་པོ་ཆེ་༸གོང་ས་མཆོག་ལ་དད་པ་བརྟན་ཅིང་ཁོང་གི་བཀའ་དགོངས་ཐོག་ཤར་བསྐྱོད་མཛད་མཁན་ཞིག་རེད་གསུངས་འདུག་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་ནམ་ཡང་གོ་མ་མྱོང།་མ་ཟད་༸གོང་ས་མཆོག་ས་གནས་གང་དུ་ཕེབས་ཀྱང་དེར་མ་ཕེབས་གོང་ནས་ཁོ་རང་ས་གནས་གཞན་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་འདུག་ཞིབ་ཕྲ་ཇི་ཡིན་དཔོག་དཀའ།

  3. འཁྲུངས་སྐར།

    ཁོང་གི་མཚན་དངོས་གང་ཡིན་ན་དྲ་གྲོགས་རྣམས་མཁྱེན་ཚེ་དྲ་ཐོག་ལ་གནང་རོགས་ཞུ། དེ་ལ་བརྟེན་ནས་བརྟན་བཞུགས་གསོལ་འདེབས་རེ་ཕུལ་ཨེ་ཐུབ་སྙམ།།

  4. སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸ རྒྱལ་བ་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྟོང་ལོ་གསར་པའི་ལས་གཞིའི་ཆེད་བསྟོད་གཟེངས་རྟགས་ཐོབ་པར་སྙིང་དབུས་ནས་བཀྲིས་བདེ་ལེགས་གྲངས་མང་ཞུ། མུ་མཐུད་ནས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་གསོལ་འདེབས་ཞུ།