ལོ་བཞི་རེའི་མཚམས་ཀྱི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ Commonwealth Games ཟེར་བ་དེ་ཟླ་རྗེས་མའི་ཕྱི་ཚེས་ ༣ ནས་ཚེས་ ༡༤ བར་རྒྱ་གར་རྒྱལ་ས་ལྡི་ལིར་འཚོགས་གཏན་འཁེལ་ཡོད་པ་ལྟར། ཧིན་སྒོར་ཐེར་ཆེན་བཅུ་ ༡༠༠༠༠༠༠༠༠༠༠༠ ལྷག་གི་འགྲོ་གྲོན་བཏང་སྟེ་རྩེད་འགྲན་གླིང་ག་དང་། ལྟད་མོ་བའི་སྡོད་གནས་སོགས་འཛུགས་སྐྲུན་བྱེད་མུས་ཡིན་ཡང་། རྩེད་མོ་དངོས་གཞིར་ཉིན་བཅུ་གྲངས་ལས་མེད་ཀྱང་། ད་ཆར་འཛུགས་སྐྲུན་ལེགས་འགྲུབ་བྱུང་མེད་པ་མ་ཟད། ཉེ་ཆར་རྩེད་འགྲན་པ་དག་གི་རྒྱུག་ལམ་ཞིག་གི་མཁའ་ཟམ་བརྡིབས་ཏེ་མི་ ༢༧ ཙམ་ལ་རྨས་སྐྱོན་ཕོག་ཡོད་ཅིང་། རྩེད་འགྲན་པ་དག་གི་སྡོད་གནས་ཀྱང་གཏན་འཁེལ་ཐུབ་མེད་པ་མ་ཟད། ད་སྔ་འཛུགས་སྐྲུན་ཟིན་པ་དག་ལའང་ཆུ་དང་གློག་གི་མཐུན་རྐྱེན་འཐུས་སྒོ་ཚང་བ་ཞིག་བཟོ་ཐུབ་ཡོད་མི་འདུག
སྤྱིར་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་རྒྱལ་ཁབ་ ༧༢ ཀྱི་རྩེད་འགྲན་པ་ཡོད་ཅིང་། ཉིན་འདི་འགར་རྒྱལ་ཁབ་སོ་སོའི་རྩེད་འགྲན་རུ་ཁག་རྣམས་ལྡི་ལིར་འབྱོར་བའི་དུས་སུ་སླེབས་ཡོད་ཀྱང་། རྩེད་འགྲན་འདིའི་རྩ་བའི་འཛུགས་སྐྲུན་འགྲུབ་མེད་པ་དང་། སྡོད་གནས་ཀྱི་མཐུན་རྐྱེན་ཞན་པ། ཁོར་ཡུག་གཙང་སྦྲ་མེད་པ། ས་གནས་བདེ་འཇགས་ལ་ཁག་ཐེག་ཡོད་མེད་ཀྱི་རྙོག་གླེང་བཅས་ལ་བརྟེན་ཏེ། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ཞིག་གི་རྩེ་འགྲན་རུ་ཁག་ཕྱིར་འཐེན་བྱ་འཆར་ཡོད་པ་མ་ཟད། ལུས་རྩེད་པ་སྒེར་ངོས་ནས་ཀྱང་མང་པོ་ཞིག་གིས་ཀྱང་ཐེངས་འདིའི་རྩེད་འགྲན་ནང་ཞུགས་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག རྒྱལ་ཁབ་ཁག་ཅིག་གིས་འཛུལ་ཞུགས་བྱ་དགོས་མིན་ད་དུང་ཐག་གཅོད་གསལ་བོ་བྱུང་མེད་ཀྱང་། དབྱིན་ཇི་སོགས་རྒྱལ་ཁབ་ཁག་ཅིག་གིས་རྩེད་འགྲན་ནང་ཞུགས་རྒྱུའི་གཏན་ཁེལ་འདུག
གསར་འགོད་པ། བནྡེ་སྐྱབས།