གཟའ་སྤེན་པའི་བགྲོ་གླེང་།

ཉེ་ཆར་ལྷ་སའི་ལམ་བཟང་སྐད་ཡིག་སློབ་གྲྭ་རུ་༼ གཟའ་སྤེན་པའི་བགྲོ་གླེང ༽ ཟེར་བའི་བྱེད་སྒོ་དེ་རྒྱུན་འཁྱོངས་བྱས་ཏེ། ལོ་གཅིག་ཧྲིལ་བོ་འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོ་དེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷག་པ་ཆོས་འཕེལ་དང་ཀུན་དགའ་ཡེ་ཤེས། བན་ཤུལ་དཔལ་མཁར་རྒྱལ། ལྷ་ས་དགེ་འོས་སློབ་ཆེན་གྱི་དགེ་རྒན་སྐལ་བཟང་ལྷུན་འགྲུབ། བོད་ལྗོངས་བརྙན་འཕྲིན་ཁང་གི་ཁྱུང་པོ་ཚེ་རིང་དཔལ་རྒྱལ། ༢༠༠༧ ལོའི་༼ཤར་དུང་རི༽ ཡི་རྩོམ་སྒྲིག་པ་བོད་ཕྲུག ༼ བོད་ལྗོངས་ནང་བསྟན༽ གྱི་རྩོམ་སྒྲིག་པ་འཇམ་དཔལ་ནོར་བུ། ༼ བོད་ཀྱི་རྩོམ་རིག་སྒྱུ་རྩལ༽ གྱི་རྩོམ་སྒྲིག་པ་དཔལ་ལྷ། ༼སྤང་རྒྱན་མེ་ཏོག༽ གི་རྩོམ་སྒྲིག་པ་ཆུང་བདག ན་གཞོན་རྩོམ་པ་པོ་སྨྲེང་བུ། བུད་མེད་རྩོམ་པ་པོ་ཧོར་མོ། ཟློས་གར་འཁྲབ་གཞུང་རྩོམ་པ་པོ་ཉི་མ་དོན་འགྲུབ་སོགས་ཞུགས་ཡོད་འདུག

 

མཛད་སྒོའི་ཐོག་མར་ལམ་བཟང་སྐད་ཡིག་སློབ་གྲྭའི་སློབ་སྤྱི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཟའ་སྤེན་པའི་བགྲོ་གླེང་གི་ཁ་ཕྱོགས་དང་དམིགས་ཡུལ། འདས་པའི་ལོ་ངོ་གཅིག་རིང་གི་འཕེལ་རིམ་དང་གྲུབ་འབྲས། དཀའ་ངལ་སོགས་ངོ་སྤྲོད་གནང་རྗེས། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་བན་ཤུལ་དཔལ་མཁར་རྒྱལ་གྱིས་བོད་ཀྱི་སྔ་ཕྱིའི་རྩོམ་རིག་གི་འཕེལ་རིམ་དང་། ལྷག་པར་དུ་ཁོང་གིས་དུས་རབས་བར་མའི་བོད་ཀྱི་སྙན་ངག་གཞུང་ལུགས་འདྲ་མིན་ཐད་ལ་ཞིབ་འཇུག་གནང་བའི་རང་ཉིད་ཀྱི་མྱོང་ཚོར་སྐོར་ངོ་སྤྲོད་གནང་ཡོད། ཚོགས་བཅར་བ་དག་གིས་མ་འོངས་པར་གཟའ་སྤེན་པའི་བགྲོ་གླེང་གི་ཁ་གཏོད་ཡུལ་དང་། སྤྱི་ཚོགས་ནང་ནུས་པ་འདོན་ཕྱོགས་སྐོར་ལ་བགྲོ་གླེང་གོ་བསྡུར་བྱས་ཡོད་ཅིང་། སྐོར་ཞིག་གིས་གྲོང་འཁྱེར་ལྷ་ས་ནས་མགོ་བརྩམས་ཏེ་བོད་པའི་གྲོང་འཁྱེར་ཁག་གི་བསྲེ་ལྷད་ཀྱི་ཁ་སྐད་དང་། འཆལ་པོའི་སྤྱོད་ལམ་སོགས་ལ་ལེགས་བཅོས་ཀྱི་ལས་འགུལ་སྤེལ་དགོས་པའི་རེ་བ་ཡང་བཏོན་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “གཟའ་སྤེན་པའི་བགྲོ་གླེང་།

  1. ཇོ་བོ་རྣམས་གཉིས།

    དངོས་གནས་དྲ་བཟང་ནང་གི་གཏམ་བཟང་རང་རེད་ཐུགས་རྗེ་ཆེ་བོད་ཀྱི་དུས་བབ་དྲ་རྒྱ་ལགས། ཁྱེད་ནི་ང་ཚོའི་དགའ་སྐྱོའི་ཟློས་གར་ཁྲབ་སའི་གར་སྟེགས་ཞིག་ཡིན། ཁྱེད་ཀྱིས་ངས་ཚོར་སྨ་བརྗོད་རང་དབང་སྦྱིན་ལ། ཁྱེད་ཀྱིས་ང་ཚོས་ཆ་རྒྱུས་མེད་པའི་སྲིད་ཀྱིས་ཁེངས་པའི་འཇིག་རྟེན་དེར་གོ་བ་ཟབ་མོ་ཞིག་སྦྱིན་བྱུང། སྨྲ་སྒོ་ནས་བརྗོད་པ་ཙམ་མ་ཡིན་པར་སེམས་ཁོངས་ཀྱི་སྐད་ཆ་འཛུབ་རྩེ་ནས་ཕྱིར་འཕྱུང་བ་ཡིན། ཕྱིས་སུ་ཡང་གཏམ་བཟང་ངན་ཅི་ཞིག་ཡིན་ཡང་སྦ་གསང་མེད་པར་དྲ་སྟེང་དུ་འགོད་རྒྱུའི་རེ་བ་སྙིང་བཅང་ཞུ་རྒྱུ་ཡིན།