ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་སྤྲོད་ཆེད་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད་ཟེར།
དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ས་རཱ་དང་ནོར་གླིང་། སྨན་རྩིས་ཁང་བཅས་ངྷ་སའི་ཉེ་འཁྲིས་ཀྱི་མཐོ་རིམ་སློབ་གཉེར་ཁང་གསུམ་གྱི་དང་བླངས་སློབ་མ་ཁག་ཅིག་མཉམ་རུབ་ཐོག བོད་གཞུང་ཟློས་གར་ཚོགས་ཁང་དུ་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ལ། བགྲོ་གླེང་བ་ནི་ཉམས་ཞིབ་པ་ཀླུ་མཁར་བྱམས་དང་ཨ་འབྲུག་དཀོན་མཆོག རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་རེད།
དང་བླངས་སློབ་མའི་འཐུས་ཚབ་གྲྭ་བཀྲ་ཤིས་འགྱུར་མེད་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་དེ་མི་སྒེར་དང་ཚོགས་པ། མི་ཆེན་དང་སྐུ་དྲག་སོགས་སུ་གང་ལའང་འབྲེལ་བ་མེད་པར་མཐོ་སློབ་གསུམ་གྱི་དང་བླངས་སློབ་མ་ཚོས་སླེབས་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཐད་མི་རབས་གསར་པ་དང་ཤེས་ཡོན་པ། རྩོམ་པ་པོ་དག་གིས་དོ་སྣང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་དང་། ལྷག་པར་དུ་༸གོང་ས་མཆོག་དང་མི་རབས་རྒན་པ། དེ་བཞིིན་བོད་རྒྱ་ཆེ་མི་མང་གིས་ཚེ་སྲོག་གི་འགྲོ་གྲོན་བཏང་བའི་མི་རིགས་ཀྱི་འཐབ་རྩོད་དེར་མི་རབས་གསར་བས་འགན་ལེན་དགོས་པའི་དུས་ལ་སླེབས་ཡོད་པ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མི་རབས་རྒན་པ་རྫོགས་ཚེ་བོད་ཀྱི་གནད་དོན་མེད་བརླག་ཏུ་འགྲོ་རྒྱུ་ཡིན་ཚུལ་དང་བཙན་བྱོལ་བོད་གཞུང་ནི་སྐུ་དྲག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་བོད་གཞིས་ལུས་མི་མང་དང་། འཛམ་གླིང་མི་མང་ལ་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་གསལ་བོ་ཞིག་སྟོན་དགོས་པ་སོགས་ལ་དམིགས་ཏེ། ང་ཚོས་མི་རབས་གསར་བའི་ཁྲོད་ཀྱི་མི་ཚང་དཀྱུས་མ་ནས་སྐྱེས་པའི་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་འོས་འདེམས་བྱ་ཆེད་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་བྱས།
ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་དོན་དང་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ༸གོང་ས་མཆོག་གི་དགོངས་གཞི་དང་ཐུགས་རེ། ལམ་སྟོན་བཅས་ཆ་ཚང་བསྒྲུབ་ཐུབ་མཁན་གྱི་མི་ཞིག་དགོས་ཚེ་ཧ་ལམ་འཛམ་གླིང་འདིའི་སྟེང་རྙེད་ཁག་པོ་རེད་བསམ་གྱི་ཡོད། ཡིན་ནའང་། གནད་དོན་གཙོ་བོ་ཁོང་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་ཞིག་ང་ཚོར་ངེས་པར་དུ་དགོས་པ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་སྤྱི་ཚོགས་དང་གཞུང་གི་ངོས་ནས་ཁོང་གི་དགོངས་པ་དང་ཐུགས་རེ་བཅས་ལག་བསྟར་བྱེད་ཐུབ་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་ལ། ད་ལྟ་བཀའ་ཁྲིའི་འོས་འདེམས་སོགས་མང་གཙོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་གང་འཚམ་ཞིག་ལ་སླེབས་ཡོད་པའི་སྐབས་འདིར་ཡང་།བོད་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ཚེ་མང་གཙོ་དང་ལེན་བྱེད་ཐུབ་མེད། དེ་ཡང་གཙོ་བོ་ཁོང་གི་མང་གཙོའི་ལམ་སྲོལ་འདི་མགོ་བཙུགས་དུས་ནས་མི་མང་དང་མགོ་ཁྲིད་ཀྱི་ངོས་ནས་དང་ལེན་བྱས་མེད་པར་མ་ཟད། འགོག་རྐྱེན་དང་འཕྱ་སྨོད་བྱས་པར་རྐྱེན་བྱས་ཏེ་ཁོང་གི་དགོངས་པ་བཞིན་ཚད་མཐོ་བོ་ཞིག་ལ་སླེབས་ཐུབ་ཀྱིན་མེད་པའི་གནས་སྟངས་ཆགས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་རྩ་ཁྲིམས་དང་ལེན་བྱེད་ཐུབ་མེད། ཁོང་གིས་བོད་མི་རིགས་ཀྱི་མདུན་ལམ་ཐག་གཅོད་ཀྱི་དབང་ཚད་དེ་ཁྲིམས་ཀྱི་ཐོག་ནས་མི་མང་ལ་སྤྲད་ཡོད་པ་རེད་ལ། ཐ་ན་ཁོང་སྐུ་སྒེར་གྱི་སྐུ་དབང་ཡང་མི་མང་གི་མངོན་འདོད་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ཕྱིར་འཐེན་དགོས་པ་ཡིན་ན་འཐེན་དགོས་ཞེས་རྩ་ཁྲིམས་ནང་བཅུག་ཡོད་ཀྱང་། སྐབས་དེའི་མི་མང་དང་གཞུང་འཛིན་མི་སྣའི་བསམ་བློའི་ནང་མ་ཤོང་བར་དང་ལེན་བྱེད་ཐུབ་མེད་ཀྱང་། ཁོང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་མཐར་རྩ་ཁྲིམས་ཀྱི་གནད་དོན་ཐོག་འཁོད་ཐུབ་ཡོད། སྐབས་དེའི་ཁོང་གི་དགོངས་པ་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ནས་ཆོས་ལུགས་རིས་མེད་ཀྱི་ཐོག་ཕར་བསྒྱུར་རྒྱུའི་འཆར་གཞི་ཡོད་ནའང་ང་ཚོའི་སྤྱི་ཚོགས་ཀྱིས་ཁོང་གི་དགོངས་གཞི་ཏག་ཏག་ཅིག་ངོས་ལེན་མ་ཐུབ་པའི་དབང་གིས་རེད།
གཞན་ཞིག་ནི། ང་ཚོས་༸གོང་ས་མཆོག་གི་སྲིད་ཇུས་དང་ལེན་བྱེད་ཐུབ་ཀྱིན་མེད། ཁོང་གི་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་དེ་འདྲ་རྩ་བ་ནས་མ་རེད། དེ་ཁོང་གིས་དངོས་ཡོད་གནས་ཚུལ་དང་བོད་པའི་གནས་སྟངས། འཛམ་གླིང་གི་འཕོ་འགྱུར་སོགས་ཕྱོགས་ཡོངས་ལ་ཐུགས་བསམ་བཞེས་ཏེ་ལམ་སྟོན་གནང་བའི་སྲིད་ཇུས་ཤིག་རེད་ལ། མི་མང་ལ་དེའི་ཐད་ཀྱི་གདམ་ཀ་སྤྲད་ཡོད་ཀྱང་། མི་མང་གི་ངོས་ནས་གདམ་ཀ་དེ་ཏག་ཏག་ཅིག་རྩ་བ་ནས་བྱེད་ཐུབ་མེད་པར་མ་ཟད། ཕྱོགས་གཅིག་ནས་ངོ་རྒོལ་བྱེད་མཁན་བྱུང་ཡོད་པ་རེད་ལ། ཕྱོགས་གཞན་ཞིག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ངོ་མ་འཕྲོད་པ་སོགས་ཀྱིས་ཁོང་གི་དགོངས་གཞི་ཡིན་པར་བརྩི་བ་ལས། སྲིད་ཇུས་ལ་བརྩི་བཀུར་བྱས་མེད་པ་སོགས་གླེང་སློང་གསར་བ་ཞིག་མགོ་རྩོམ་དགོས་པ་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གིས་འདས་པའི་ལོ་བཅུའི་ཡར་སྔོན་ནས་ཁོང་བགྲེས་ཡོལ་བྱ་རྒྱུའི་བཀའ་སློབ་ཐེངས་མང་ཕེབས་ཀྱང་ང་ཚོའི་མི་མང་དང་མཐོ་རིམ་མི་སྣ་ཚོས་དེ་བས་ཀྱང་དང་ལེན་བྱེད་ཐུབ་ཀྱི་མེད་པར་མ་ཟད། དེ་ལ་འགོག་རྐྱེན་དང་ལྡོག་ཕྱོགས་ནས་རེ་སྐུལ་ཐེངས་མང་ཞུས་པ་རེད། ཡིན་ནའང། ཁོང་གི་ངོས་ནས་དེ་ལྟར་བྱེད་དགོས་དོན་དེ་བོད་མི་མང་ལ་སྦྱོང་བརྡར་སྤྲོད་རྒྱུའི་ཆེད་རེད་ལ། ང་ཚོ་བོད་པ་མི་རེ་ངོ་རེ་ནས་རང་ཉིད་ལ་འཁྲི་བའི་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་དེ་ཁོང་གི་མི་ལོ་ལྔ་བཅུའི་བཀའ་སློབ་ཀྱི་སྙིང་དོན་རེད།
དེ་བཞིན་༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་བྱེད་ཀྱིན་པ་ད་ལྟའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་བོད་རྒྱ་གཉིས་ཀྱི་གནད་དོན། འཛམ་གླིང་རྒྱལ་ཁབ་ཁག་གི་མཛད་འཕྲིན་སོགས་ལ་དམིགས་ཏེ་གསུངས་པ་ཞིག་ཡིན་སྟབས། དེས་ང་ཚོའི་མི་རབས་གསར་བ་རྣམས་ལ་སྙིང་སྟོབས་དང་སྤོབས་པ་སྐྱེ་དགོས་པ་རེད་ལ། མ་འོངས་པའི་མི་རབས་གསར་བའི་བཀའ་ཁྲི་དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་རྟོགས་པའི་ཐོག་ནས་བོད་རྒྱ་ཆེ་མི་མང་གི་རེ་འདོད་སྒྲུབ་མཁན་ཞིག་ཡིན་དགོས་པ་རེད་ཅེས་བརྗོད་བྱུང་།
ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས། དེ་རིང་གི་བགྲོ་གླེང་དེ་བློ་བཟང་སེངྒེ་བཀའ་ཁྲིའི་འོས་གཞིར་ཁྱབ་བསྒྲགས་བྱས་པའི་རྣམ་པ་ཞིག་མཐོང་གི་འདུག ང་རང་སྒེར་ལ་མཚོན་ན་བློ་བཟང་སེངྒེ་ལ་བཟང་སྤྱོད་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད། ཡིན་ནའང་། ངེད་གཉིས་བར་ལ་སྒེར་གྱི་འབྲེལ་བ་གང་ཡང་མེད། བཀའ་ཁྲིའི་ཐད་ལ་ངས་ཐེངས་ཁ་ཤས་ཤིག་ལ་བཤད་རྒྱུ་བྱུང༌། དེང་སང་༧གོང་ས་མཆོག་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་ལ་བཞུགས་བསྡད་པའི་སྐབས་འདིར་བཙན་བྱོལ་བོད་གཞུང་དང་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་དེ་ཆད་ཐུབ་ཀྱི་མ་རེད་ལ། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཀྱང་བོད་མི་མང་གི་དད་པ་དེ་ཡོད་བསྡད་པ་ཞིག་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་ཡོད་ཟེར་བ་གཙོ་བོ་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་གྱི་ཡོད་པ་རེད། ནམ་ཞིག་ཁོང་སྐུ་གཤེགས་རྗེས་ད་དུང་བཙན་བྱོལ་བོད་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་དགོས་ན་སྐད་ཆ་གཅིག་གིས་བོད་མི་མང་གི་སེམས་འགུག་ཐུབ་ཀྱི་རེད། དེ་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་འགྲོ་གི་ཡིན་ལབ་ན་བོད་ནང་གི་བོད་མིའི་ཚབ་བྱེད་ཐུབ་ཐབས་མེད་ལ། ཐ་ན་བཙན་བྱོལ་ནང་གི་མི་འབུམ་གཅིག་ལྷག་ལའང་ལམ་སྟོན་བྱ་རྒྱུ་ཁག་པོ་རེད།
མི་མང་གི་འོས་ལྡུག་མིན་གང་ལྟར་ཡང་། ངས་ད་ལྟའི་བར་བཀའ་ཁྲིར་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཞིག་ལ་རེ་བ་བརྒྱབ་པ་ཡིན། མ་འོངས་པར་ཡང་ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་ལ་འོས་ལྡུག་གི་མིན། དེ་བཞིན་བླ་མ་གྲྭ་པ་ཚོ་ཆབ་སྲིད་ནང་འཛུལ་ཡོང་ན་ཡག་པོ་མེད་སྟབས། སྔོན་མ་ཟམ་གདོང་རིན་པོ་ཆེར་འོས་བླུགས་མེད་ལ། མ་འོངས་པར་ཡང་ལྡུག་གི་མིན། ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་མིན་པ་དང་ལོ་རྒྱུས་ཀྱི་རྙོག་གྲ་མེད་པ། སྒེར་ངོས་ནས་ཐོན་པའི་མི་དཀྱུས་མ་དེ་འདྲ་ཞིག་ལ་འོས་ལྡུག་གི་ཡིན། གལ་སྲིད། མཐའ་མའི་འོས་གཞིའི་ནང་མཁས་དབང་བློ་བཟང་སེངྒེ་བསླེབ་པ་ཡིན་ན། ངས་འོས་ཤོག་དེ་ཁོང་ལ་ལྡུག་གི་ཡིན་ཞེས་བརྗོད་བྱུང་།
མཐའ་མར་ཁོང་གིས། ཁ་སྔོན་༧གོང་ས་མཆོག་གིས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་ཏེ། ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང། སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། མི་རིགས་ཤིག་ལ་མི་རབས་གསར་བ་མེད་ན། མི་རིགས་དེ་རྒས་ཤིང་འཁོགས་པ་དང་ཆད་ལ་ཉེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེར་བརྟེན། མི་རབས་གསར་བའི་འབོད་སྒྲ་གལ་ཆེ་ལ་སྙིང་སྟོབས་དེ་བས་ཀྱང་གལ་ཆེན་རེད། ང་རང་ལ་མཚོན་ན་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཙན་བྱོལ་གྱི་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དེ་ཐོག་མར་སྤེལ་བ་ཡིན། ཞོར་དུ་དེ་དང་འབྲེལ་བའི་རྩོམ་ཡིག་དང་བགྲོ་གླེང་སོགས་ཀྱི་ཆ་ཤས་བླངས་ཡོད། སྐབས་དེ་དག་ཏུ་སྙིང་སྟོབས་དང་དྲང་ཚུགས་འཛིན་སྟངས། སྤྱི་ཚོགས་ལ་མགོ་མི་སྐོར་བའི་ཐད་ལ་འབོད་སྐུལ་ཞུས་པར་མ་ཟད། མི་རབས་གསར་བར་འབོད་སྒྲ་དང་སྙིང་སྟོབས་དགོས་པ། ཡར་ལངས་ཏེ་འགན་འཁུར་དགོས་རྒྱུ་སོགས་རྒྱ་ནག་གིས་བཤད་ཀྱིན་པའི་མི་རབས་གསར་བ་དང་གཏན་ནས་མི་འདྲ་བ་ཤེས་དགོས་སྐོར་བརྗོད་པ་ཡིན། ང་ཚོའི་འབོད་སྒྲ་དེ་ནི་གསར་བརྗེའི་འབོད་སྒྲ་མིན་པར་གསར་གཏོད་ཀྱི་འབོད་སྒྲ་ཡིན། ང་ཚོར་གསར་གཏོད་ཀྱི་རྒྱུ་ཆ་མང་པོ་ཞིག་དགོས་པ་རེད། ང་ཚོའི་འཐབ་རྩོད་དེ་གསར་རྙིང་གི་ཐོབ་ཐང་འཐབ་རྩོད་ཀྱི་འབོད་སྒྲ་ཞིག་རྩ་བ་ནས་མིན་པ་མི་རབས་གསར་བས་ཤེས་དགོས་པར་མ་ཟད། མི་རབས་རྒན་པས་ཀྱང་ངེས་པར་དུ་ཤེས་དགོས་པའི་དོན་གནད་ཅིག་རེད་ཅེས་བརྗོད་བྱུང་ལ། དེ་བཞིན་ཁོང་གིས། ངས་བསམ་ན་ཉུང་མཐར་ང་ཚོས་ཁྱད་ཆོས་བཞི་དང་ལྡན་པའི་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་དགོས་ཀྱི་འདུག དེ་དག་ནི་ལྷན་སྐྱེས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་བསམ་བློའི་རང་བཞིན་དང་ལྡན་པ། སྦྱངས་སྟོབས་ཀྱི་ཡོན་ཏན་ཆེན་པོ་ལྡན་པ། རྒྱལ་སྤྱིར་བསྟན་ཆོག་པ་དང་རྒྱ་ནག་ལ་ངོམས་ཆོག་པའི་གཞོན་སྐྱེས་ཤིག་དགོས་པ། བཙན་བྱོལ་བའི་དབུ་ཁྲིད་ཞིག་གདམ་གྱི་ཡོད་པའི་ཆ་ནས་ང་ཚོའི་དབུ་ཁྲིད་དེ་ངེས་པར་དུ་བཙན་བྱོལ་བ་ཞིག་ཡིན་དགོས་པ་བཅས་དང༌། ཡང་བཀའ་ཁྲི་དེར་འཇོན་ཐང་དྲུག་དགོས་པ་ནི། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་ངོས་འཛིན་བྱས་ཐོག་དེར་བདག་པོ་རྒྱག་ཐུབ་མཁན་ཞིག་དང༌། ༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་མཁན་ཞིག གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད། གཞིས་ལུས་མི་མང་ལ་དུས་རབས་དང་བསྟུན་ཏེ་འབྲེལ་ལམ་སླར་གསོ་ཐུབ་རྒྱུར་ནུས་པ་འདོན་ཐུབ་མཁན། ཁ་གཏད་རྒྱ་གཞུང་ལ་སྒྲུབ་ཕྱོགས་ནས་འབྲེལ་བ་བྱེད་ཐུབ་པ་དང༌། དགག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས། དེ་མ་ཡིན་པར་ག་དུས་ཡིན་ཡང་རྒྱ་ནག་ལ་ཁོར་ཡུག་བསྐྲུན་ནས་སྤྲེལ་ལད་འཁྲབ་བསྡད་པ་དེ་འདྲ་མ་ཡིན་པ། དགག་པ་རྒྱག་དུས་དགག་པ་རྒྱག་ཐུབ་མཁན་ཞིག་དང་འབྲེལ་བ་བྱེད་དུས་འབྲེལ་བ་བྱེད་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་རེད། ང་ཚོས་འཐབ་རྩོད་ཀྱི་ལས་འགུལ་མང་ཆེ་བ་ཞིག་ཁྱབ་བསྒྲགས་ཀྱི་ཐོག་ནས་འགྲོ་དགོས་དུས་རྒྱལ་སྤྱིའི་གོ་སྐབས་ཏག་ཏག་ལེན་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཞིག་འགྲོ་ཉེན་ཡོད་པས་དེར་ལྟ་རྟོག་ཐུབ་མཁན། བཙན་བྱོལ་སྒྲིག་འཛུགས་ཙམ་མིན་པར་རྒྱལ་སྤྱིར་ཁྱོན་ཡོངས་ནས་ལྟ་ཐུབ་པའི་མཁྱེན་རྒྱ་ཅན་ཞིག་དགོས། བཙན་བྱོལ་བོད་མིའི་ལྟེ་གནས་དེ་རྒྱ་གར་ཆགས་ཡོད་དུས། རྒྱ་གར་གཞུང་གི་སྲིད་ཇུས་ལ་ལྟོས་པའི་སྒོ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་ལྟ་རྟོག་བྱེད་ཐུབ་མཁན་ཞིག གཞིས་ཆགས་ཁག་སྐྱོ་བོ་དང་གསར་འབྱོར་སོགས་ལྟ་སྐྱོང་བྱེད་ཐུབ་མཁན་ཞིག་དགོས་ཞེས་བརྗོད་སོང༌། བཀའ་ཁྲིའི་ཁྱད་ཆོས་བཞི་དང་འཇོན་ཐང་དྲུག་གི་ངོས་ནས་བལྟས་ཡོང་དུས་ད་ལྟའི་བཀའ་ཁྲིའི་འོས་གཞིའི་ནང་ནས་མཁས་དབང་བློ་བཟང་སེངྒེ་ལགས་འཚམ་ཤོས་རེད་ཅེས་བརྗོད་བྱུང་།
ཐེངས་འདིའི་བགྲོ་གླེང་སྐབས་བཀའ་ཁྲི་དང་འབྲེལ་བའི་གློག་བརྙན་ཞིག་གཟིགས་འབུལ་བྱས་པར་མ་ཟད། མི་རབས་གསར་བའི་འབོད་སྒྲའི་འོག་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་ཞེས་པའི་ཤོག་བྱང་འགྲེམས་སྤེལ་བྱས་ཡོད་ལ། བགྲོ་གླེང་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་མཐོ་སློབ་ཁག་གི་སློབ་མ་དང་དགེ་འདུན་པ། བཞུགས་སྒར་གྱི་མི་མང་བཅས་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་ཀྱིས་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོར་གནང་ཡོད།
གསར་འགོད་པ། དོན་གོ་དང་དཔལ་ལྡན།