དགུ་བཅུ་གསུམ་གྱི་ཚོགས་ཆེན།

ཕྱི་ཚེས་ ༢༦ རེས་གཟའ་ཉི་མར་གངས་སྐྱིད་སྤྱི་ཐབ་ཏུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་སྐོང་འཚོགས་བྱས་ཡོད་ལ། ཚོགས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཕེབས་ཡོད། ཚོགས་ཆེན་འདི་ཚེས་ ༢༦ ནས་ ༢༩ བར་ཉིན་གསུམ་རིང་འཚོགས་བཞིན་ཡོད།
ཉིན་གསུམ་རིང་འཚོགས་ཀྱིན་པའི་ཚོགས་ཆེན་འདིའི་སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བསྡོམས་དང་། རྩིས་ཁྲ་ཞིབ་བཤེར། ཚོགས་ཆེན་ཐེངས་བཞི་བའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་ལག་ལེན་འཁེལ་བསྡད་པ་མཇུག་སྐྱོང་བྱེད་ཕྱོགས་སྐོར། ༧གོང་ས་མཆོག་གི་སྐུ་ཕྱཱའི་སྐོར། མ་འོངས་པར་བོད་རང་དབང་སླར་གསོའི་ཆེད་ཛ་དྲག་གི་ལས་འགུལ་ཅི་སྤེལ་སྐོར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མིའམ་བཙོན་པ་ནང་ཁུལ་ཆིག་སྒྲིལ་དང་ཡར་རྒྱས་གཏོང་ཐབས་ཅི་དགེའི་སྐོར། སྒྲིག་གཞི་བསྐྱར་བཅོས་བཅས་བྱ་རྒྱུ་ཡིན་པར་མ་ཟད། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱུན་ལས་འཕོ་འགྱུར་དང་སྐབས་ལྔ་བའི་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག
ཞོགས་པའི་མཛད་སྒོའི་སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་བཅུ་དགུ་བ་དང་ཉི་ཤུ་བ་མི་ཡུལ་གྱི་བཤས་ར་དང་ཆོས་སྐྱིད་ཀྱི་མི་ཚེའི་སྐྱིད་སྡུག་ཅེས་པའི་དེབ་གཉིས་དང་། ཆབ་མདོ་རིན་བཟང་གིས་བརྩམས་པའི་ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ་ཞེས་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བྱེད་ཟླ་བ་ཚེ་རིང་ལགས་ཀྱིས་བརྩམས་པའི་ཤར་ཕྱོགས་ཀྱི་རྒྱལ་སྲས་ཞེས་པའི་༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་དེབ་གཅིག་བཅས་དབུ་འབྱེད་གནང་ཡོད།  
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་མཛད་སྒོའི་སྟེང་། བོད་ནས་བཙན་རྒོལ་རྒྱབ་སྐྱོར་གྱི་ལས་འགུལ་ནང་ཞུགས་ཏེ་ཚུར་སྐྱབས་བཅོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམས་ལ་གཟིགས་རྟོག་སྣེ་ལེན་དང་མཐུན་འགྱུར་རོགས་རམ། ཤེས་ཡོན་སློབ་སྦྱོང་དང་ལག་ཤེས་འདྲ་མིན་གོ་སྒྲིག་གིས་མི་རེའི་མི་ཚེའི་མདུན་ལམ་དང་འཚོ་གོས་སོགས་ཀྱི་ཐད་རོགས་རམ། ནད་གཅོང་ཕོག་པའི་ནད་པ་རྣམས་ལ་སྨན་བཅོས་དང་རོགས་རམ། རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་འོག་བོད་གཞིས་ཀྱི་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་དཀའ་སྡུག་དང་ཆབ་སྲིད་བཙོན་པའི་སྙིང་སྟོབས། བོད་དོན་བདེན་མཐའ་གསལ་ཆེད་དུ་ལས་འགུལ་སྤེལ་བ་སོགས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱེད་ཀྱིན་པ། བོད་གཞིས་སུ་ཞི་བའི་ངོ་རྒོལ་བྱུང་བ་དང་གཞིས་ལུས་བོད་མིའི་ཛ་དྲག་གི་གནས་སྟངས་དང་སྟབས་བསྟུན་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་དང་ཤུལ་ལུས་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་དང་། གཞིས་བྱེས་བོད་མིའི་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་འཁུར་བཞེས་ཆེར་བསྐྱེད་ཀྱིས་བོད་མིའི་རྩ་དོན་འགྲུབ་སླད་ཞབས་འདེགས་བསྒྲུབ་བཞིན་པ་བཅས་ལ་བསྔགས་བརྗོད་ཞུ་གི་ཡོད་ཅེས་གསུངས།
ཡང་ཁོང་གིས། ད་དུང་བོད་ཀྱི་གནད་དོན་འཁྲུན་ཐག་མ་ཆོད་བར་དུ་མུ་མཐུད་དེ་བོད་གཞིས་བྱེས་གཉིས་བར་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ངང་གནས་ཆེད་ཤུགས་སྣོན་རྒྱག་རྒྱུ་དང་། ༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་རྣམས་ལ་སློབ་སྦྱོང་དང་དོན་གཉེར་གྱིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་རེ་སྐུལ་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་བཙན་བྱོལ་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་ཇུས་འདི་བཞིན་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དང་འཚམ་ཞིང་། རྒྱལ་སྤྱི་དང་ད་ལྟའི་བོད་ཀྱི་གནས་བབ་ལ་ལེགས་ཤོས་ཡིན་སྟབས་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང་ལས་དོན་བྱེད་དགོས་པའི་རེ་སྐུལ་གནང་ཡོད།
མཐར་ཁོང་གིས། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཀྱི་སྲིད་དོན་དང་འབྲེལ་བའི་གནད་དོན་གང་མང་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་བཞིན། ཚོགས་མི་རྣམས་ཀྱིས་རང་གི་རྣམ་དཔྱོད་དང་བློ་གྲོས་ཀྱི་ནུས་རྩལ་བཏོན་ཏེ། ཕན་ཚུན་བསམ་ཚུལ་ལྷུག་བརྗོད་ཀྱིས་བོད་ཀྱི་རྩ་དོན་བསྒྲུབ་སླད་འབད་བརྩོན་གནང་དགོས་པར་མ་ཟད། མཐར་གྲོས་ཐག་ཆོད་པའི་དོན་གནད་གལ་ཆེན་རྣམས་ཡིག་ཐོག་ཙམ་དུ་མ་བཞག་པར་ལག་ལེན་དུ་བསྟར་དགོས་པའི་རེ་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད།
 
གསར་འགོད་པ། ཨ་རིག་འགྱུར་མེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “དགུ་བཅུ་གསུམ་གྱི་ཚོགས་ཆེན།

  1. ཁྲུང་ཁྲུང་དཀར་མོ།

    ཚོགས་པ་འདིའི་སྔ་ཕྱིར་བོད་དོན་ཕྱག་ལས་མང་དག་ཅིག་བྱས་པའི་ནང་ལྟས་ན་གྲུབ་འབྲས་གཙོ་བོ་ལྟར་བུ་བོད་མི་ཡོངས་གཅིག་སྒྲིག་ཡོངས་ཐབས་ལ་འབད་པ་ནི་ཧ་ཅང་ཡག་པོ་རེད་ དེ་མིན་ཆབ་སྲིད་ཀྱི་རྣམ་འགྱུར་ཇི་ཙམ་མང་བ་དེ་ཙམ་བརྙོག་གླིང་མང་བ་ནི་བཤད་མི་དགོས་པ་རེད།