དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག་ངྷ་སའི་ན་གཞོན་དང་བླངས་རུ་ཁག་གི་གོ་སྒྲིག་འོག བཞུགས་སྒར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ ༼ སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་གཞི་ངོ་སྤྲོད ༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་ན་གཞོན་དང་བླངས་རུ་ཁག་གིས་བཏོན་པའི་ཆོལ་ཁ་རིས་མེད་ཀྱི་སྤྱི་འཐུས་འོས་མི་ཁག་ཅིག་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་ཡོད་ཅིང་། དེ་དག་ཁྲོད་སྤྱི་འཐུས་ལས་ཐོག་པ་ ༥ དང་གསར་ཞུགས་པ་ ༦ བཅས་ཡོད། སྐབས་དེར་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དང་བླངས་རུ་ཁག་གི་ལས་དོན་བྱེད་ཕྱོགས་དང་བགྲོ་གླེང་ངོ་སྤྲོད་གནང་རྗེས། གཏམ་བཤད་པ་དག་གིས་དུས་ཡུན་སྐར་མ་དྲུག་རེར་འདས་པའི་ཉམས་མྱོང་དང་། མ་འོངས་པའི་ལས་འཆར་ཐོག་གསུང་བཤད་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཐོག་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་ཅིང་། གཏམ་བཤད་པ་རྣམས་དང་དྲི་བ་དྲིས་ལན་ཡང་ཡུན་རིང་བྱས་ཡོད།
དེའི་རྗེས་ནོར་གླིང་མཐོ་སློབ་ཀྱི་འགན་འཛིན་སྒྲོལ་དཀར་སྐྱབས་ལགས་ཀྱིས་གཏམ་བཤད་གནང་དོན། སྐབས་བཅུ་བཞི་བའི་བཀའ་ཤག་དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་གཉིས་ཀྱི་ལས་འགན་གལ་ཆེ་ཤོས་དེ་གང་རེད་ཟེར་ན། ད་ཆར་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞི་འདི་འཐོར་བཞིན་ཡོད་སྟབས། འདི་མ་འཐོར་བ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ཐོག་མ་བོད་ནས་འབྱོར་བའི་རིགས་ལ་གཞུང་གིས་ས་ཆ་དང་། ཁང་པ་སོགས་ཀྱི་མཐུན་འགྱུར་ཞུས་ཡོད་ཀྱང་། ད་ཆར་དེ་འདྲ་ཡོད་པ་མ་རེད། ང་རང་གི་བསམ་པར་བོད་ནས་གསར་དུ་ཕེབས་མཁན་ཚོ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཏོང་བ་དང་། དེ་བཞིན་༧གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་ཞིག་ཀྱང་གསར་རྒྱག་བྱས་པ་ཡིན་ན། བོད་མི་ཚོ་གནས་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པ་ཡོང་བ་དང་། ཁྲོམ་རྭ་སོགས་ཚོང་ལས་ཀྱི་ལྟེ་གནས་ཀྱང་རང་བཞིན་གྱིས་ཆགས་འགྲོ་བ་རེད། ཅེས་གསུངས་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་པ་ཀརྨ་ཡེ་ཤེས་ལགས་ཀྱིས་གཏམ་བཤད་གནང་དོན། ང་ལ་མཚོན་ན་རྒྱ་གར་ནང་སྐྱེས་བ་ཞིག་ཡིན་སྟབས། བོད་ནང་མིག་གིས་མཐོང་ཡོད་པ་མ་རེད། འོན་ཀྱང་སོ་སོས་ཆུང་དུས་ནས་བོད་ཟེར་བ་དེ་སེམས་ལ་དམ་པོར་བཟུང་ཡོད། སོ་སོ་བོད་པ་ཡིན་པ་དང་བོད་དོན་ལ་ལས་ཀ་བྱ་དགོས་པ་སེམས་ལ་ཉར་ཡོད། རྒྱུ་མཚན་འདིའི་དབང་གིས་འཛིན་གྲྭ་བརྒྱད་པ་ནས་གཞོན་ནུ་ལྷན་ཚོགས་ནང་ཞུགས་པ་ཡིན། ང་ཚོ་འདིར་ཡོང་དོན་རྒྱ་གར་ནང་གཞིས་ཆགས་སུ་ཡོང་བ་མ་ཡིན་པར། བོད་པའི་རང་དབང་འཐབ་རྩོད་དུ་ཡོང་བ་ཞིག་ཆགས་ཡོད། བོད་མིའི་རང་དབང་འཐབ་རྩོད་ཐད་གྲོས་ཚོགས་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ལ། ང་གྲོས་ཚོགས་ནང་བསྡད་པའི་རིང་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་འཐེན་སྤངས་པ་ཡིན་ལ། མ་འོངས་པར་ཡང་ཐོག་མའི་དམ་བཅའ་ལྟར་ལས་ཀ་བྱ་རྒྱུའི་སྤོབས་པ་ཡོད། ཅེས་གསུངས་སོང་།
མདོ་སྟོད་སྤྱི་འཐུས་འོས་མི་ངག་དབང་འོད་འབར་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་གིས་འདས་པའི་ལོ་དྲུག་རིང་དགུ་བཅུ་གསུམ་གྱི་ཚོགས་གཙོའི་ལས་ཀ་བྱས་ཏེ། གང་ལ་གང་འཚམ་གྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད་པའི་བསམ་ཚུལ་འཛིན་གྱི་ཡོད། གལ་སྲིད་ང་སྤྱི་འཐུས་ནང་སླེབས་པ་ཡིན་ན། དམིགས་ཡུལ་གཉིས་ཀྱི་ཐོག་ལ་ལས་ཀ་བྱ་ཐུབ་གི་རེད་བསམ་ཡོད། དང་པོ། བོད་ནང་དང་རྒྱ་ནག་ནང་ལ་འབྲེལ་བ་གང་འཚམ་ཡོད་སྟབས། མ་འོངས་པར་བོད་ནང་གི་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་དང་། བོད་ཕྱི་ནང་བར་གྱི་འབྲེལ་ལམ་ཐོག་གང་འཚམ་བྱ་བ་བསྒྲུབ་ཐུབ་གི་རེད་བསམ་ཡོད། གཉིས་པ། ང་རང་སྔོན་མ་དགེ་རྒན་ལོ་མང་བྱས་མྱོང་སྟབས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་ཡོད། སྔར་ལྷ་སར་ཡོད་སྐབས་ནས་རྡོག་རྩ་གཅིག་སྒྲིལ་ཐོག་དམ་བཅའ་བརྟན་པོ་ཡོད་ལ་མ་འོངས་པར་ཡང་དེ་ལྟར་ཡིན། ཞེས་གསུངས་སོང་།
དེའི་རྗེས་མདོ་སྟོད་སྤྱི་འཐུས་ལས་ཐོག་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་ ༡༩༩༩ ལོར་རྒྱ་གར་དུ་ཡོང་སྟེ་བདེ་སྲུང་བོད་གནས་ཉམས་ཞིབ་ནང་ལོ་ ༦ རིང་ལས་ཀ་བྱས་པ་ཡིན། ང་རྒྱ་གར་ལ་སླེབས་མ་ཐག་ལས་ཀ་རག་པ་དེས་རྒྱ་ནག་ལ་བརྡ་ལན་གསལ་བོ་ཞིག་བསྟན་ཡོད། ༢༠༠༦ ལོ་ནས་སྤྱི་འཐུས་ནང་སླེབས་པ་རེད། སྔོན་མ་ང་རང་གིས་རྒྱ་ནག་ནང་ལས་ཀ་བྱས་པ་དང་། བཙན་བྱོལ་ལ་འབྱོར་མ་ཐག་བོད་གཞུང་གི་ལས་ཀ་བྱས་པ། དེ་བཞིན་སྤྱི་འཐུས་ནང་ལོ་ལྔའི་རིང་ལས་ཀ་བྱས་པ་བཅས་ཀྱི་ཉམས་མྱོང་ཐོག རྒྱ་ནག་གི་སྲིད་ཇུས་ལ་བལྟས་ཏེ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ཐོག གང་ལ་གང་འཚམ་ཞབས་ཞུ་བསྒྲུབ་ཐུབ་པའི་གདེང་ཚོད་ཅིག་ཡོང་གི་འདུག རྒྱ་ནག་གཞུང་དང་གསར་ལམ་ཁག་ཏུ་བོད་ཀྱི་གནས་སྟངས་ཐོག་འགྲེལ་བཤད་རྒྱག་སྟངས་སོགས་ལ་བོད་མི་མང་སྤྱི་འཐུས་ཤིག་གི་མིང་ཐོག་ནས་ལས་ཀ་བྱེད་པའི་སྡིངས་ཆ་ཞིག་རག་པ་རེད་ལ། མ་འོངས་པར་ཡང་དབུ་མའི་ལམ་དང་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་རྒྱ་ནག་ལ་འགྲེལ་བཤད་རྒྱག་ཆེད། ང་རང་གིས་བོད་རྒྱ་སྨྱུག་ཚོགས་ཟེར་བའི་སྨྱུ་གུའི་ཚོགས་པ་ཞིག་འཛུགས་འཆར་ཡོད། ཅེས་གསུངས་སོང་།
མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་ཆབ་སྲིད་ཀྱི་དཀའ་ངལ་འོག་ ༢༠༠༥ ལོར་རྒྱ་གར་ལ་ཡོང་བ་ཡིན། སྤྱིར་ང་རང་འདིར་ལངས་རྒྱུའི་སྤོབས་པ་མི་འདུག གང་ཡིན་ཟེར་ན་བོད་མི་མང་སྤྱི་འཐུས་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་རང་བཙན་བྱོལ་དུ་ཡོང་དགོས་དོན་ཡང་རྩ་དོན་ཆེད་ཡིན་ལ། མ་འོངས་པར་ཡང་རྩ་དོན་ཐོག་དཀའ་ལས་རྒྱག་རྒྱུའི་ཆོད་སེམས་ཡོད། དེ་བཞིན་ང་རང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོར་སོང་བ་ཡིན། གཞིས་ཆགས་ཁ་ཤས་ཧ་ཅང་སྐྱོ་བོ་རེད་ལ། བོད་ནས་གསར་དུ་ཕེབས་མཁན་ཚོར་ཡང་ས་ཞིང་དང་ཁང་པ་ཡོད་པ་མ་རེད། གལ་སྲིད་ང་སྤྱི་འཐུས་ནང་སླེབས་པ་ཡིན་ན། སྤྱི་ཚོགས་ནང་གི་དཀའ་ངལ་འདི་རིགས་གཞུང་ལ་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།
མདོ་སྨད་སྤྱི་འཐུས་ལས་ཐོག་པ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གཏམ་བཤད་གནང་དོན། ལོ་ངོ་བཞིའི་རིང་སྤྱི་འཐུས་ནང་ལས་ཀ་བྱས་པའི་ཉམས་མྱོང་ལ་གཞིགས་ན། སྤྱི་འཐུས་གང་ཟག་གཅིག་གཉིས་ཅི་ཙམ་ཡག་པོ་ཡོད་ཀྱང་གྲོས་ཚོགས་ནང་ནུས་པ་འདོན་ཐུབ་ཀྱི་མེད་པ་ཤེས་ཡོད། དེར་བརྟེན། ངས་མང་པོ་ཞིག་བྱ་རྒྱུ་ཡིན་ཟེར་ནས་ཁས་ལེན་རྒྱུ་ཁག་པོ་རེད། འོན་ཀྱང་ང་ལ་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ང་ཚོ་འདི་ལྟར་འཛོམ་དགོས་པ་དེ་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ཚགས་ཚུད་ཡོང་ཐབས་དང་། བོད་པའི་བདེན་དོན་འཐབ་རྩོད་ལ་ནུས་པ་འདོན་ཆེད་རེད། མ་འོངས་པར་སྤྱི་ཚོགས་ཀྱིས་འཐུས་མི་སུ་འདྲ་ཞིག་བསྐོས་ཀྱང་། བསྐོས་ཚར་རྗེས་སྣང་མེད་དུ་འཇོག་རྒྱུ་མ་ཡིན་པར་དུས་རྒྱུན་ཞི་དག་བྱས་ཏེ། བཟང་པོར་ངོས་འཛིན་དང་ངན་པར་ཐེར་འདོན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།
མདོ་སྟོད་སྤྱི་འཐུས་འོས་མི་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱི་གཏམ་བཤད་གནང་དོན། ཚོགས་པ་སྒྲིག་འཛུགས་དང་། རང་འགུལ་དང་བླངས་པ་བརྒྱད་དགུ་ཞིག་གིས་ང་སྤྱི་འཐུས་འོས་མིའི་ནང་བཏོན་འདུག ཁོང་ཚོས་ང་ལ་སྤྱི་འཐུས་འོས་མིར་ལངས་འདོད་ཡོད་མེད་འདྲི་སྐབས། ངས་ལངས་རྒྱུ་ཡིན་ཞེས་ལབ་ཡོད། གལ་སྲིད་གྲོས་ཚོགས་ནང་སླེབས་པ་ཡིན་ན། མ་འོངས་པར་འགྲིག་མིན་གྱི་གནས་ཚུལ་ཅི་ཞིག་བྱུང་ཡང་། མང་ཚོགས་ཀྱི་མགོ་ལ་གཡུག་རྒྱུ་མ་ཡིན་པར་སོ་སོའི་འགན་ལེན་ཁག་འཁུར་བྱ་རྒྱུ་ཡིན། གྲོས་ཚོགས་ནང་ལས་ཀ་བྱེད་སྐབས་ཕྱོགས་སུ་མ་ལྷུང་བ་དང་། གཞན་གྱི་ཟེར་རྗེས་མི་འབྲང་རྒྱུ་གཉིས་ང་རང་གི་དམ་བཅའ་ཡིན། ཞེས་གསུངས་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་པ་ཟླ་བ་ཕུན་སྐྱིད་ལགས་ཀྱི་གཏམ་བཤད་གནང་དོན། ང་རང་ལ་མཚོན་ན་གྲོས་ཚོགས་འཐུས་མི་སྐབས་གཉིས་བྱས་ཚར་བ་ཡིན། ལས་ཡུན་དེའི་རིང་ཉིན་གཅིག་ཀྱང་གྲོས་ཚོགས་ཀྱི་ཚོགས་འདུར་དགོངས་པ་ཞུས་མྱོང་མེད། འོན་ཀྱང་གྲོས་ཚོགས་ལ་བཅར་ཏེ་གྲུབ་འབྲས་འདི་ཡིན་ཟེར་ནས་སྟོན་རྒྱུ་ཡང་མེད། གང་ཡིན་ཟེར་ན་ང་ཚོའི་གནས་བབ་དེ་གཞན་དབང་འོག་ཡོད་སྟབས། གྲོས་ཚོགས་འཐུས་མིས་ཕྱོགས་འགལ་ཚོགས་པའི་ལས་འགན་དང་། གཞུང་འཛིན་ཚོགས་པའི་ལས་འགན་གཉིས་ཀ་འཁུར་དགོས་སྟབས། སྔོན་ཆད་འདི་བྱས་ཡོད་ཟེར་ནས་སྟོན་རྒྱུ་མེད་ལ། མ་འོངས་པར་འདི་བྱ་རྒྱུ་ཡིན་ཟེར་ནས་ཁས་ལེན་ཡང་མེད། ང་ལ་ཡོད་པ་དེ་གང་ཡིན་ཟེར་ན། འདས་པའི་སྐབས་གཉིས་ཀྱི་ལས་ཡུན་རིང་གྲོས་ཚོགས་ཀྱི་ལས་དོན་གང་འདྲ་ཞིག་ཡིན་རུང་། གནད་དོན་གཞིར་བཞག་ཐོག་སྐད་ཆ་བཤད་པ་ལས་ཆོལ་ཁ་ཆོས་ལུགས་གཞིར་བཞག་ཐོག་འཐེན་འཁྱེར་བྱས་པ་སྣེ་གཅིག་ཀྱང་མེད་བཅས་སྤོབས་པ་ཆེན་པོས་བཤད་རྒྱུ་ཡིན། ཞེས་བརྗོད་བྱུང་།
དབུས་གཙང་སྤྱི་འཐུས་འོས་མི་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་གཏམ་བཤད་གནང་དོན། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༧གོང་ས་མཆོག་གིས་ང་ཚོར་དམངས་གཙོ་གསོལ་རས་གནང་སྟེ། གྲོས་ཚོགས་ཐོག་མར་དབུ་བརྙེས་པ་རེད། དེ་ནི་ཧ་ཅང་ཡང་དག་པ་ཞིག་དང་དོན་སྙིང་ལྡན་པ་ཞིག་རེད། དེ་བཞིན། ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པ་རེད། བཙན་བྱོལ་བོད་མིའི་དམངས་གཙོ་འདི་ཡང་དག་པ་ཞིག་རེད་དམ་ཟེར་ན། ཡང་དག་པ་རེད། འོན་ཀྱང་དམངས་གཙོ་ཚད་ལྡན་ཞིག་རེད་དམ་ཟེར་ན། ད་དུང་ཚད་ལྡན་རྩ་བ་ནས་མ་རེད། དམངས་གཙོ་ལ་རང་དབང་དང་མཉམ་དུ་འགན་འཁྲི་ཞིག་ཡོད་ཀྱང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་ང་ཚོས་རང་དབང་ལོངས་སུ་སྤྱད་དེ། འགན་འཁྲི་དང་ལེན་བྱས་མི་འདུག མ་འོངས་པར་དམངས་གཙོ་ཚད་ལྡན་པ་ཞིག་མི་འདྲ་ཞིག་གིས་བཟོ་ཐུབ་གི་རེད་དམ་ཟེར་ན། ད་ལྟའི་ན་གཞོན་ཚོས་བཟོ་ཐུབ་གི་རེད་ཟེར་ནས་གདེང་ཚོད་ཆེན་པོས་བཤད་ཐུབ་ཀྱི་ཡོད་ལ། རྒྱུ་མཚན་འདིའི་འོག་ནས་ང་ཡང་སྤྱི་འཐུས་འོས་མིའི་ནང་ལངས་པ་ཡིན། ཞེས་གསུངས་སོང་།
མདོ་སྟོད་སྤྱི་འཐུས་ལས་ཐོག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གཏམ་བཤད་གནང་དོན། སྔར་ངེད་ཚང་ལ་ནང་མི་ ༡༦ ཙམ་ཡོད་མཁན་ཞིག་ཡིན་ཡང་། བཞི་མ་གཏོགས་གཞན་ཚང་མ་རྒྱ་དམར་གྱི་བཙན་འཛུལ་འོག་བསད་པ་དང་ཤི་བའི་གནས་ཚུལ་བྱུང་འདུག གཉིས་པ་ང་ལ་དྲིན་ཆེན་ཕ་མའི་ངོས་ནས་ཁ་ཆེམས་ཤིག་བཞག་ཡོད། དེར་བརྟེན། ངའི་སེམས་གཏིང་དུ་རྒྱ་དམར་གཞུང་ལ་ཤ་ཁོན་ཡོད་ལ་ཁྲག་ཁོན་ཡང་ཡོད། ངའི་བསམ་བློའི་རྨང་གཞི་འདི་ལ་དུས་ནམ་ཡང་འགྱུར་བ་མེད། ང་བཙན་བྱོལ་ལ་ཐོག་མར་ཡོང་སྐབས་ནས་སྐྱིད་པོ་ཞིག་ཡོད་རྒྱུ་རེད་སྙམ་སྟེ་ཡོང་བ་མིན་ལ། གྲོས་ཚོགས་ནང་ལས་ཀ་བྱས་པའི་རིང་ལ་ཡང་གཞན་གྱི་ཁ་རྗེས་སུ་རྒྱུག་མཁན་ཞིག་མིན། གལ་སྲིད་སྐབས་བཅོ་ལྔ་བའི་སྤྱི་འཐུས་ནང་མི་དམངས་ཀྱིས་གོ་སྐབས་སྤྲད་པ་ཡིན་ན། སོ་སོས་གང་ཐུབ་ཀྱིས་བསམ་བློ་བཏང་སྟེ་ལས་ཀ་བྱ་རྒྱུའི་འཆར་གཞི་ཡོད། ཅེས་གསུངས་སོང་།
མདོ་སྨད་སྤྱི་འཐུས་འོས་མི་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་དོན། ཉེ་སྔོན་ཕྱོགས་འདྲ་མིན་ནས་ཁ་པར་ཡོང་སྟེ་སྤྱི་འཐུས་ནང་ལངས་འདོད་ཡོད་མེད་དྲིས་སོང་། ང་རང་གིས་ལངས་རྒྱུ་ཡིན་ཞེས་ལབ་པ་ཡིན། གང་ཡིན་ཟེར་ན་ངས་ཁ་གཏོད་ས་རྒྱ་ནག་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ལངས་རྒྱུའི་ལམ་ཁ་དང་ཐོབ་ཐང་ཡོད་པ་འདིས་རྒྱ་ནག་ལ་རྣམ་འགྱུར་ཞིག་སྟོན་བསམ་པ་ཡིན། གལ་སྲིད་ང་གྲོས་ཚོགས་ནང་སླེབས་པ་ཡིན་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་འདས་པའི་ལོ་རྒྱུས་ཁྲོད་ཀྱི་བོད་ཕམ་ཉེས་སུ་གཏོང་མཁན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་རྒྱུས་ནང་དང་ད་ལྟའི་གནས་བབ་གཉིས་བསྡུར་ཏེ། དེབ་ཀྱི་ནང་བཀོད་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་སྟངས་དངོས་གཉིས་བསྡུར་ཏེ་བསམ་འཆར་ཁ་ཤས་འབུལ་ཐུབ་གི་རེད་བསམ་ཡོད། ཅེས་གསུངས་སོང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།