དེ་རིང་ནི་བོད་མི་རྣམས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་པའི་ཉིན་མོ་ཡིན་ལ། བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཉིན་དང་པོའང་ཡིན་སྟབས། བཞུགས་སྒར་ངྷ་ས་གཙོས་ལྷོ་མཐའ་ཁག་གི་གཞིས་ཆགས་ཁག་དང་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་བཅས་སུ་བོད་མི་རྣམས་ཀྱིས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱིན་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་འདི་གའི་གསར་འགོད་པ་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་སྐབས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཞུགས་པའི་མི་ཚོགས་ཀྱི་འཚང་ཁ་ཧ་ཅང་རྒོད་ཅིང་། མི་མང་བརྒྱ་ལྷག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྣམ་རྒྱལ་གྲྭ་ཚང་འཁྲིས་ཀྱི་སྒོ་ཆེན་ཁར་འཚང་སྟེ། རེ་རེ་བཞིན་ནང་དུ་གཏོང་རྒྱུར་བསྒུགས་ཡོད་པར་བརྟེན། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་རྒྱ་གར་གྱི་བརྙན་འཕྲིན་ལས་ཁུངས་ཤིག་གི་གསར་འགོད་པ་གཉིས་བཅས་གསར་འགོད་པ་ཁག་ཅིག གཙུག་ལག་ཁང་གི་ཕར་ཕྱོགས་ཀྱི་སྒོ་ཆེན་ནས་བཀའ་འཁྲོལ་ཞུས་པ་བཞིན་གཙུག་ལག་ཁང་ནང་དུ་ཐར་ཐུབ་ཙམ་བྱུང་།
ངྷ་སར་མཚོན་ན་དེ་རིང་གི་ཉིན་མོ་འདི་ནི་བོད་མི་རྣམས་ཀྱིས་རང་གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་གལ་འགངས་ཆེན་པོར་བརྩིས་ཐོག ཞོགས་པ་ནས་འཚང་ཁའི་ཁྲོད་གཙུག་ལག་ཁང་ནང་ལོགས་སུ་གཏོང་རྒྱུར་རེ་ལྟོས་ཆེན་པོས་བསྒུགས་འདུག་ལ། བར་འཚམ་ཞིག་ནས་རྒྱ་གར་གྱི་ཉེན་རྟོག་པ་དང་འོས་བསྡུའི་འབྲེལ་ཡོད་ལས་བྱེད་བཅས་ཀྱིས་བཀག་མིན་ལ་མ་ལྟོས་པར་མང་ཚོགས་ཀྱིས་གཙུག་ལག་ཁང་གི་སྒོ་ཆེན་གཏོར་ཏེ་ནང་ལོགས་སུ་བླུགས་ཡོད། དེ་བཞིན་གཙུག་ལག་ཁང་ནང་ལོགས་སུའང་མང་ཚོགས་རྣམས་བང་བསྒྲིགས་ཏེ་རང་རང་གི་ཆོལ་ཁོངས་སུ་འོས་ལྡུག་ཏུ་འགྲོ་གི་འདུག
དེ་ལྟར་དེ་རིང་གི་ཉིན་མོ་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་རྒྱལ་ཁབ་ཅིག་གི་འགྲོ་སྟངས་དང་མང་གཙོའི་ཁེ་དབང་གི་གོ་སྐབས་ལོངས་སུ་སྤྱད་དེ་འཚང་ཁ་ཤིག་ཤིག་གིས་འོས་བསྡུའི་ཁྲོད་ཞུགས་འདུག
འདི་གའི་གསར་འགོད་པས་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་གྱི་གྲྭ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་སུ། དེ་རིང་གི་འོས་བསྡུའི་ཉིན་མོ་དང་འབྲེལ་བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོའི་ཚད་གང་འདྲ་ཞིག་ཏུ་བསླེབས་པར་གཟིགས་ཀྱི་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ནམ་རྒྱུན་ལས་ཐེངས་འདིར་མི་མང་གིས་དེབ་སྐྱེལ་བྱེད་སྟངས་དང་། ལྷག་པར་དུ་དེ་རིང་སྔོན་འགྲོའི་འོས་བསྡུའི་སྐབས་མི་མང་གི་ཆ་ཤས་ལེན་སྟངས་ལ་བལྟས་ན། ང་ཚོའི་བཙན་བྱོལ་གྱི་མང་གཙོའི་རྣམ་པ་འདི་གང་འཚམ་ཡར་རྒྱས་སུ་འགྲོ་གི་ཡོད་པ་ཞིག་མཐོང་གི་འདུག ཅེས་དང་། ང་རང་ཉིད་ལ་མཚོན་ན་བཀའ་བློན་ཁྲི་པར་འོས་གཅིག་མ་གཏོགས་ལྡུག་རྒྱུའི་ཐོབ་ཐང་མེད། ཡིན་ནའང་། གལ་སྲིད་བཀའ་བློན་ཁྲི་པའི་འོས་མིའི་ནང་དུ་མི་གཉིས་ལ་འདྲ་མཉམ་བྱུང་ཚེ། ངའི་འོས་གཅིག་དེས་ཏན་ཏན་ཁྱད་པར་བཟོ་གི་རེད་ཅེས་ཟེར།
ངྷ་སར་གནས་སྡོད་ཁ་གྱ་ཕུན་ཚོགས་ལགས་ཀྱིས་དེ་རིང་གི་ངྷ་སའི་མི་མང་གི་འཚང་ཁ་འདིར་བལྟས་ན། བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོ་ཚད་གང་འཚམ་ཞིག་ཏུ་བསླེབས་འདུག སྔོན་མ་ཡིན་ན་འོས་བསྡུའི་སྐབས་སུ་འདི་ལྟ་བུའི་འཚང་ཁ་མེད་ལ་མང་ཚོགས་ཀྱང་ཧ་ཅང་གི་ཉུང་ཉུང་མ་གཏོགས་ཡོང་གི་མེད། དེར་བརྟེན་ཐེངས་འདིར་ཧ་ཅང་གི་ཡར་རྒྱས་ཕྱིན་འདུག་ཅེས་དང་། ངས་ངོས་ནས་འོས་བསྡུའི་ཐོབ་ཐང་ལེན་རྒྱུར་ཧ་ཅང་གི་གལ་ཆེན་པོར་མཐོང་གི་འདུག་ལ། དེ་རིང་གི་ཉིན་མོ་འདིར་རང་ལ་གལ་ཆེའི་ལས་དོན་གང་འདྲ་ཞིག་ཡོད་ཀྱང་། དེ་བསྐྱུར་ཏེ་འོས་ལྡུག་གི་ཡོང་ཡོད། ཅེས་བརྗོད།
ངྷ་སར་གནས་སྡོད་ལྷག་པ་ཚེ་རིང་ལགས་ཀྱིས། སྤྱིར་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན་ང་ཚོའི་མང་གཙོའི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། དེ་རིང་གི་གནས་སྟངས་ལ་བལྟས་ན། མི་ལོ་ལྔ་བཅུར་སྐྱབས་བཅོལ་དུ་བསྡད་རིང་ང་ཚོའི་གནས་སྟངས་ལ་དཔག་པའི་མང་གཙོའི་གོ་རྟོགས་ཀྱི་ཆུ་ཚད་ཚད་ངེས་ཅན་ཞིག་ཏུ་བསླེབས་འདུག ཡིན་ནའང་། མི་མང་མང་བོ་ཞིག་གཙུག་ལག་ཁང་གི་སྒོ་ཆེན་ཁ་ནས་ཡུན་རིང་བཀག་སྟབས། མང་ཚོགས་ཀྱིས་གཙུག་ལག་ཁང་གི་སྒོ་ཆེན་གཏོར་ཏེ་ནང་དུ་འཛུལ་ཡོད་ལ། ལྷག་པ་ཚེ་རིང་ལགས་ཀྱིས་དེའི་ཐད་ནས་གསུངས་དོན། སྤྱིར་དེ་རིང་གི་གནས་སྟངས་འདིའི་སྟེང་ནས་ང་ཚོའི་གཞུང་འཛིན་མི་སྣ་རྣམས་དང་འོས་བསྡུའི་ལས་བྱེད་རྣམས་ཀྱིས་མང་ཚོགས་ཀྱི་མང་གཙོའི་གོ་རྟོགས་ཇེ་མཐོར་སོང་བ་དང་། འདི་ལྟར་འཚང་ཁ་ཤིག་ཤིག་གིས་འོས་བསྡུའི་ཁྲོད་ཆ་ཤས་ལེན་རྒྱུར་སྔོན་དཔག་གང་ཡང་བྱེད་ཐུབ་མི་འདུག དཔེར་ན། དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདི་ལྟ་བུའི་འཚང་ཁ་ཆེན་པོ་འདུག་སྟབས། ཞོགས་པའི་ཆུ་ཚོད་དགུ་བ་ནས་དགོང་མོའི་ཆུ་ཚོད་ལྔ་བ་བར་དུ་འོས་བླུགས་ནས་ཚར་མིན་ཐད་སེམས་ཁྲལ་ཡང་ཡོང་གི་འདུག ཅེས་འོས་བསྡུའི་ལས་བྱེད་རྣམས་དང་འབྲེལ་ཡོད་མི་སྣ་རྣམས་ཀྱིས་གོ་སྒྲིག་བྱས་པར་འདོད་བློ་ཁེངས་གི་མེད་པའི་རྣམ་པ་བསྟན་ཡོད། ཡང་ཁོང་གིས། དེ་རིང་གི་ཉམས་མྱོང་གཞིར་བཞག་སྟེ་སྐབས་རྗེས་མའི་དངོས་གཞིའི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་མི་མང་ལ་ས་གནས་མ་འདྲ་བར་འོས་ལྡུག་ས་ཡོད་པ་དང་གོ་སྒྲིག་ཚགས་ཚུད་པོ་བྱ་དགོས་ཀྱི་འདུག་ཅེས་གསུངས།
ཡང་འདི་གའི་གསར་འགོད་པ་གངས་ཅན་སྐྱིད་གཤོངས་སུ་འབྱོར་སྐབས་ཀྱང་མི་བརྒྱ་ལྷག་གིས་བང་བསྒྲགས་ཏེ་འོས་བསྡུ་བྱེད་ཀྱིན་འདུག
དེ་བཞིན་གསར་འགོད་པས་ཁ་པར་བརྒྱུད་ས་གནས་ཁག་ཅིག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པར། གྲྭ་ཨ་རིག་དཔལ་ལྡན་ལགས་ཀྱིས་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་དེ་རིང་གི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐོར་བརྗོད་དོན། འབྲས་སྤུངས་དགོན་པ་ལྟ་བུར་མཚོན་ན་ཉེ་ཆར་གྲྭ་ཚང་གིས་དེབ་སྐྱེལ་བྱེད་དུས་ནས་ཁང་ཚན་རང་རང་གི་ཁང་ཚན་རྒན་སོགས་ཀྱིས་འགན་ཁྱེར་ཏེ། ཁང་ཚན་རེ་རེ་བཞིན་རང་ལོ་བཅོ་བརྒྱད་ཡན་གྱི་གྲྭ་མང་ལ་དེབ་སྐྱེལ་བྱེད་དུ་བཅུག་ཡོད་ཐོག དེ་རིང་ཡང་ཁང་ཚན་རྒན་རྣམས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་རང་ལོ་བཅོ་བརྒྱད་ཡན་གྱི་གྲྭ་པ་རྣམས་འོས་ལྡུག་ཏུ་ཕྱིན་ཡོད། དེ་བཞིན་ཁང་ཚན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་ཡོད་སྟབས་འཚང་ཁ་མེད་ནའང་། གྲྭ་མང་ཡོངས་ཀྱིས་ཆ་ཤས་བླངས་ཡོད་ཅེས་དང་། ཡང་ཁོང་གིས་དེ་ལྟར་དགའ་ལྡན་དགོན་དུའང་འབྲས་སྤུངས་དང་འདྲ་བར་དགའ་ལྡན་བླ་སྤྱིར་གྲྭ་མང་ཡོངས་ཁང་ཚན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་པ་དང་། མོན་གྷོ་འདོད་རྒུ་གླིང་གི་གཞིས་ཆགས་རང་དུ་གཞིས་གྲོང་རེ་རེ་བཞིན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་འདུག་ཅེས་ཟེར།
སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་རྒན་མཁྱེན་རབ་ལགས་ཀྱིས། དེ་རིང་གི་ཉིན་འདིར་སེ་ར་དགོན་དུའང་གྲྭ་མང་གིས་བང་བསྒྲིགས་ཏེ་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱིན་འདུག་ལ། འཚང་ཁ་ཅུང་ཙམ་ཆེན་པོ་འདུག ངས་ད་ལྟ་བང་བསྒྲིགས་ཏེ་རང་གིས་འོས་བསྡུ་བྱ་རྒྱུར་སྒུག་ཡོད་ཅེས་དང་། གྲྭ་རྭ་རྒྱ་བློ་དབང་ལགས་ཀྱིས་ལྡི་ལིའི་འོས་བསྡུའི་གནས་སྟངས་སྐོར་བརྗོད་དོན། ང་དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་འོས་ལྡུག་ཏུ་ཕྱིན་པ་ཡིན་ལ། སྐབས་དེར་མང་ཚོགས་ཀྱི་འཚང་ཁ་གང་འཚམ་ཆེན་པོ་འདུག ཕལ་ཆེར་མི་ཉིས་བརྒྱ་ལྷག་ཅིག་འོས་བསྡུའི་ཆ་ཤས་ལེན་དུ་བསླེབས་འདུག་ཅེས་ཟེར།
ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྦེལ་ཀོབ་ས་གནས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས། སྤྱིར་དེ་རིང་གི་འོས་བསྡུའི་རྣམ་པར་བལྟས་ན་མང་ཚོགས་རྣམས་ཀྱིས་དོ་སྣང་ཆེན་པོས་ཆ་ཤས་ལེན་གྱིན་འདུག་ཀྱང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་ལྟ་བུར་མཚོན་ན་གཞིས་གྲོང་ཁག་ཁ་འཐོར་དུ་ཡོད་པ་དང་། མང་ཚོགས་མང་བོ་ཡོད་སྟབས་མི་མང་ལ་འོས་ལྡུག་སའི་ས་གནས་གཅིག་མ་གཏོགས་གོ་སྒྲིག་བྱས་མེད་པ་དེས་མང་ཚོགས་རྣམས་འོས་ལྡུག་ཏུ་འགྲོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག འོས་ལྡུག་སའི་ས་གནས་གཅིག་པུ་ནི་བདེ་སྐྱིད་སླར་གསོའི་ཚོགས་ཁང་ནང་རེད། (ཅ་བོ་སྐུར་གཞིས་ཆགས་སུ་འོས་ལྡུག་ས་གོ་སྒྲིག་བྱས་ཡོད།) དེ་བཞིན་ལུགས་ཟུང་བསམ་འགྲུབ་གླིང་ལྟ་བུར་མཚོན་ན། འོས་བསྡུའི་གོ་སྒྲིག་པ་རྣམས་ཀྱིས་གོ་སྒྲིག་མི་ལེགས་སྟབས། མང་ཚོགས་མང་བོ་མཉམ་དུ་འཛོམས་ཏེ་གྲོས་བསྡུར་ལྟ་བུའི་ཐོག་ནས་འོས་ལྡུག་བཞིན་འདུག ཅེས་གསུངས་ལ། འདིའི་ཐད་སྦེལ་ཀོབ་གཞིས་གྲོང་དང་པོའི་གཞིས་མི་ཚེ་དབང་ལགས་ཀྱིས་ཀྱང་། དེ་རིང་ལུགས་ཟུང་བསམ་འགྲུབ་གླིང་དུ་འོས་བསྡུའི་གོ་སྒྲིག་ཡག་པོ་མི་འདུག མི་མང་བོ་མཉམ་དུ་འཛོམས་ནས་གྲོས་ཁ་བསྡུར་བ་དང་། ཡང་རེ་ཟུང་གིས་འགེང་ཤོག་ནང་དུ་ཁྱེར་ཏེ་བཀང་པ་སོགས་ཡོང་གི་འདུག གཞོན་སྐྱེས་འོས་བསྡུའི་ཆ་ཤས་ལེན་མཁན་མང་བོ་འདུག་ཀྱང་། མང་བོ་ཞིག་གིས་མགོ་མ་ཚོས་པར་འོས་ལྡུག་སར་ཡོང་སྟེ་གཞི་ནས་གཅིག་གཅིག་ལ་སྐད་ཆ་འདྲི་བ་དང་གྲོས་བྱེད་ཀྱིན་འདུག ཅེས་གསུངས།
ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྦེལ་ཀོབ་ས་གནས་ཀྱི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས། དེ་རིང་ཞོགས་པར་རྣམ་གྲོལ་གླིང་དགོན་པར་ཕྱིན་སྐབས་གྲྭ་པ་ཞིག་གིས་བཀའ་ཁྲིའི་འོས་མི་བློ་བཟང་སེངྒེའི་ལོ་རྒྱུས་སྐོར་གྱི་ཤོག་བྱང་སྟོང་ཕྲག་ལྷག་ཅིག་གྲྭ་བཙུན་རྣམས་ལ་བཀྲམས་ཀྱིན་འདུག་ལ། སྐབས་དེར་ཁོས་གྲྭ་པ་དེར་དེ་རིང་ནི་འོས་བསྡུའི་དངོས་གཞིའི་ཉིན་མོ་ཡིན་སྟབས། ཁྱེད་ཀྱིས་དེ་ལྟར་བྱེད་པར་བཅའ་ཁྲིམས་དང་འགལ་མེད་དམ་ཅེས་དྲིས་པར། གྲྭ་པ་དེས་ངས་མི་མང་ལ་བཙན་སྐུལ་བྱེད་ཀྱི་མེད་པར་འབོད་སྐུལ་ཞུ་གིན་ཡོད་ཅེས་ལན་འདབས་གནང་བྱུང་ཟེར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་དེ་ལྟར་གསུངས་ལ། ཁོང་གཉིས་ཀྱིས་ད་དུང་གྲྭ་པ་དེས་རྣམ་གྲོལ་གླིང་དུ་བཀའ་ཁྲི་བློ་བཟང་སེངྒེའི་སྐོར་གྱི་ཤོག་བྱང་དག་བཀྲམས་རྗེས་གཞིས་གྲོང་གཞན་ཁག་ཏུའང་འགྲོ་གི་ཡིན་གསུངས་གི་འདུག་ཟེར། དེ་བཞིན། དེ་རིང་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལའི་འོས་ཤོག་འཕེན་སའི་ཉེ་འཁོར་དུ་ཡང་སྤྱི་འཐུས་མོས་མི་ཁག་ཅིག་གི་ཁྱབ་བསྒྲགས་ཤོག་བྱང་བཀྲམས་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།