པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་ཆེད་དུ་གདན་ཞུ་གནང་བ་ལྟར། ཧྥ་རན་སིར་གནས་བཞུགས་བོད་རིག་པའི་ཆེད་མཁས་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས། ཕྱི་ཟླ་ ༩ ཚེས་ ༢༠ ནས་མགོ་འཛུགས་ཀྱིས་མི་རིགས་སློབ་གྲྭ་ཆེན་མོ་དེ་གའི་བོད་རིགས་སློབ་མ་རྣམས་གཙོས་པའི་སློབ་གྲྭ་གཞན་དང༌། པེ་ཅིན་ཉེ་འཁོར་གྱི་ལས་ཁུངས་ཁག་གི་བོད་རིགས་མང་པོ་ཞིག་ལ་འཆད་ཁྲིད་གནང་བཞིན་ཡོད་འདུག ཁོང་ཐེངས་འདིར་པེ་ཅིན་ནས་ཟླ་གཅིག་རིང་བཞུགས་འཆར་ཡོད་པ་དང༌། བདུན་ཕྲག་རེའི་གཟའ་ཟླ་བ་དང་ཕུར་བུའི་དགོང་མོའི་ཆུ་ཚོད་༧ སྟེང༌། འཆད་ཁྲིད་ཐེངས་བརྒྱད་ཙམ་ལ་གནང་རྒྱུའི་མཛད་རིམ་བསྒྲིགས་ཡོད་འདུག ཐེངས་བརྒྱད་ལས་ཐེངས་བཞི་ལ་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སྐོར་གྱི་འཆད་ཁྲིད་དང༌། ཐེངས་བཞི་ལ་དེང་རབས་རིག་གཞུང་ཞིབ་འཇུག་བྱེད་ཐབས་སྐོར་ངོ་སྤྲོད་དང༌། ནུབ་ཕྱོགས་པའི་ལྟ་གྲུབ་སྐོར་ལ་འཆད་ཁྲིད་གནང་རྒྱུ་ཡིན་འདུག ཟླ་སྔོན་མའི་ཕྱི་ཚེས་ ༢༣ བར་ ༼བོད་ཀྱི་རི་ལྷ་གསོལ་ཚུལ༽་དང་༼ལྷ་བླ་མའི་བཀའ་གཙིགས་དང་བོན་གྱི་སྐོར་ལ་དཔྱད་པ༽བཅས་ཀྱི་ཐོག་འཆད་ཁྲིད་གནང་བར་སློབ་གླིང་གི་དགེ་སློབ་རྣམས་དང༌། ཟུར་ཉན་དུ་ཕེབས་མཁན་ཡོངས་ཀྱིས་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་གནང་ཡོད་འདུག
མཁར་རྨེའུ་བསམ་གཏན་མཆོག་ནི་ཕྱི་ལོ་ ༡༩༣༦ ལོར་མདོ་སྨད་ཤར་ཁོག་ཀི་ཚལ་གྲོང་སྡེ་རུ་སྐུ་འཁྲུངས་ཤིང༌། ལོ་བརྒྱད་ཀྱི་སྟེང་སྣ་སྟེང་དགོན་པར་ཞུགས་ཏེ་བོན་གྱི་ཆོ་ག་ཕྱག་ལེན་གྱི་གཞུང་རྣམས་ལ་སློབ་གཉེར་དང༌། དེའི་རྗེས་རྐྱང་ཚང་དགོན་པར་ཞུགས་ཏེ་རྩིས་དཀར་ནག་དང༌། སྒྲ་སྙན་ངག དབུ་ཕར་སོགས་གཞུང་ཆེན་ལ་སློབ་གཉེར་མཐར་ཕྱིན་མཛད་ཅིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་ཏེ་བཀའ་སྦུག་དང་ལྡི་ལི་སོགས་ནས་གཡུང་དྲུང་བོན་འཛིན་སྐྱོང་སྤེལ་གསུམ་ཐོག་ཕྱག་ལས་རླབས་ཆེན་གནང༌། ༡༩༦༠ ཙམ་ནས་སིང་གྷ་ལཱ་དང་ཨི་ཊ་ལི། དབྱིན་ཡུལ། ཉི་ཧོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱོད་མགོ་བརྩམས་ཏེ། ཕྱི་ལོ་ ༡༩༦༡ ནས་ ༡༩༧༠ བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གྲྭ་ School of Oriental and African Studies University of London ཞེས་པའི་ནང་སློབ་གཉེར་གནང་ཞིང་། མཐར་མཚན་ཉིད་སློབ་དཔོན་M.Phil ཞེས་པའི་གོ་གནས་དང༌། ༡༩༨༥ ལོར་འབུམ་རམས་པ་ PHD ཞེས་པའི་མཚན་གནས་ཐོབ་ཡོད། ༡༩༨༡ ལོར་ཧྥ་རིན་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་ཆེན་མོ་ CNRS ཞེས་པའི་ནང་ཞུགས་ཏེ། སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཐོག་ཞིབ་འཇུག་གནང་སྟེ་ ༡༩༨༨ ལོར་ཁོང་གི་ཞིབ་འཇུག་གྲུབ་དོན་གྱི་དཔེ་དེབ་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག་པ་མ་ཟད། ༡༩༨༩ ལོ་ནས་སློབ་གྲྭ་དེའི་ཞིབ་འཇུག་སློབ་སྟོན་པ་ Director of Research ཞེས་པའི་མཚན་གནས་བསྩལ་ཏེ་ད་བར་ཕྱག་ལས་གནང་མུས་ཡིན་ཞིང་། ཕྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་པས་མང་མོས་འོས་འདེམས་ཐོག་ཚོགས་གཙོའི་ཐུགས་འགན་ཡང་བཞེས་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།