གོད་ཆག་བྱུང་མཁན་ཕལ་ཆེ་བ་མང་ཚོཊ་དཀྱུས་མ་རེད།

མདོ་སྨད་འབྲུག་ཆུ་རྫོང་དུ་ཆུ་ལོག་འདམ་རུད་ཀྱི་གོད་ཆག་བྱུང་སྟེ་ཟླ་གཉིས་ལྷག་འདས་པའི་སྐབས་འདིར། ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་ཚོས་ས་ཁུལ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་འབྲུག་ཆུ་རྫོང་གི་བོད་རིགས་གཞོན་སྐྱེས་ཤིག་དང་གླེང་མོལ་བྱས་པ་རྣམས་གཤམ་དུ་བཀོད་ཡོད།

དྲི་བ།  འབྲུག་ཆུ་རྫོང་གི་ཆུ་ལོག་འདམ་རུད་ཀྱི་གོད་ཆག་ཁྲོད། ཁྱེད་ཀྱི་གྲོང་པ་དང་ནང་མིར་གནོད་འཚེ་ཐེབས་ཡོད་དམ།

ལན།  ངའི་གྲོང་པ་དང་། ནང་མི། གྲོགས་པོ་ཚོར་གནོད་འཚེ་གང་ཡང་བྱུང་མ་སོང་། གནོད་འཚེ་བྱུང་ས་གཙོ་བོ་དེ་འབྲུག་ཆུ་རྫོང་ཐོག་རེད།   

དྲི་བ།  ཐེངས་འདིའི་གོད་ཆག་ནང་རྒྱ་གཞུང་གིས་མི་  ༡༠༠༠ ཙམ་དང་ས་གནས་མང་ཚོགས་ཀྱིས་མི་  ༡༠༠༠༠ ལྷག་ཤི་ཡོད་ཚུལ་བཤད་འདུག ཁྱེད་ཀྱིས་བལྟས་ན་མི་ག་ཚོད་ཅིག་ལ་ཤི་སྐྱོན་བྱུང་འདུག་གམ། 

ལན།  རྒྱ་གཞུང་གིས་ཐེངས་འདིའི་གོད་ཆག་ནང་མི་  ༡༠༠༠  ཙམ་ཤི་ཡོད་ཅེས་བཤད་འདུག ཡིན་ནའང་མང་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཤི་སྐྱོན་བྱུང་བའི་གྲངས་འབོར་ནི་མི་ ༨༠༠༠ ལས་བརྒལ་ཡོད་རབས་བཤད་ཀྱི་འདུག

 དྲི་བ།  གནོད་འཚེ་བྱུང་སྐབས་ཁྱེད་རང་ས་གནས་ས་ཐོག་ཏུ་ཡོད་དམ།

ལན།  ཆུ་ལོག་འདམ་རུད་བྱུང་བའི་ཉིན་མོ་དེར་ང་རང་རྫོང་ཐོག་ཏུ་ཡོད། ལས་དོན་ཞིག་བསྒྲུབ་རྒྱུའི་ཆེད་དུ་ང་རང་རྫོང་ཐོག་ཏུ་ཡོང་བ་ཡིན། ཏག་ཏག་ང་ཡོང་བའི་དགོང་མོར་དེར་ཆུ་ལོག་རྒྱུགས་པ་རེད།

དྲི་བ།  སྐབས་དེར་ཁྱེད་རང་རྫོང་ཐོག་ཏུ་ཡོད་ན། སྐབས་དེའི་གནས་སྟངས་གསལ་པོ་ཞིག་བཤད་རོགས།

ལན།  ཕྱི་ཟླ་ པའི་ཚེས་ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ སྟེང་ཆར་བ་བབས་སོང་། ཡིན་ནའང་སྐབས་དེར་ཆར་བ་ཤུགས་ཆེན་པོ་བབས་མ་སོང་ཡང་། ཅུང་མ་འགོར་བར་རི་མགོ་ནས་ཆུ་ལོག་དང་འདམ་རུད་བྱུང་བ་རེད།  

དྲི་བ།  རྫོང་ཐོག་ཏུ་ཡོད་པའི་མང་ཚོགས་ལ་གནོད་འཚེ་བྱུང་སོང་ངམ།

 ལན།   སྐབས་དེར་ང་ཚོ་གྲོགས་པོ་ཁ་ཤས་ཀྱིས་ཁ་བརྡ་བྱས་ནས་བསྡད་ཡོད། ཆར་པ་བབས་པའི་རྐྱེན་གྱིས་ཕྱི་ཕྱོགས་སུ་སོང་སྟེ་ལྟ་སྐབས་འབྲུག་ཆུ་ཆེ་རུ་ཕྱིན་པ་མཐོང་སོང་། དེ་ནས་ང་ཚོ་ཁང་པ་ལས་ཕྱིར་ཐོན་ཏེ་རྫོང་མཁར་དབུས་ཀྱི་གཞུང་ལམ་སྟེང་སོང་སྟེ་མཚན་གང་པོར་བསྡད་པ་ཡིན།

 དྲི་བ།  ཆུ་ལོག་གི་གནོད་འཚེ་ཆེ་ཤོས་བྱུང་ས་གང་དག་རེད།

 ལན།  གཙོ་བོ་རྫོང་སློབ་ཆུང་དང་པོ་དང་། རྫོང་སྤྱི་བདེ་ལས་ཁུངས། རྫོང་བརྡ་འཕྲིན་ལས་ཁུངས། རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་བཅས་རེད། 

དྲི་བ། གནོད་འཚེ་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་དབྱར་ཁའི་གུང་གསེང་དང་སྐབས་འཁེལ་བ་ཞིག་རེད་དམ།  

ལན།   རེད། སློབ་མ་རྣམས་གུང་གསེང་དུ་ཡོང་སྟེ་ཕྱིར་འཚོགས་གྲབས་ཡོད་པའི་སྐབས་དེ་རེད།

དྲི་བ།  གོད་ཆག་བྱུང་མཁན་ལས་བྱེད་རེད་དམ་ཡང་མང་ཚོགས་རེད།

 ལན།  གོད་ཆག་བྱུང་མཁན་ཕལ་ཆེ་བ་མང་ཚོགས་རེད། ཆུ་ལོག་དང་འདམ་རུད་དེ་ཐོག་མར་གྲོང་སྡེ་གཉིས་བརྒྱུད་དེ་མཐར་རྫོང་ཐོག་ལ་བྱུང་ཡོད་དུས།   ཡིའུ་ལོན་གྲོང་སྡེ་ཚུད་པའི་གྲོང་སྡེ་གཉིས་ཆུས་བསྣུབས་པ་རེད། ངས་གསལ་པོ་ཤེས་ཀྱི་མེད་ཀྱང་གྲོང་སྡེ་དེ་གཉིས་ལ་ཉུང་མཐར་མི་སྟོང་ཕྲག་ཁ་ཤས་ཡོད་པ་རེད།

 དྲི་བ། མྱུར་སྐྱོབ་བྱེད་མཁན་བོད་ཀྱི་གྲྭ་པ་དང་མང་ཚོགས་ལ་རྒྱ་གཞུང་གིས་བཀག་འགོག་བྱས་པའི་གནས་ཚུལ་དེ་བདེན་པ་རེད་དམ།

 ལན།  སྐབས་དེའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་སྐབས་མི་ཚང་མ་རྫོང་མཁར་དུ་འགྲོ་རུ་བཅུག་ཡོད་པ་མ་རེད།  

དྲི་བ།  ཕྱི་ཟླ་ པའི་ཚེས་ ཉིན་གྱི་དགོང་མོར་ཆུ་ལོག་རྒྱུགས་སྐབས་ཁྱེད་ཚོ་ཇི་ལྟར་གནོད་འཚེ་ལས་ཐར་ཐུབ་སོང་། 

  ལན།  དགོང་མོ་དེར་ང་ཚོ་གཞུང་སྲིད་གཞུང་གི་ཐང་ཆེན་དུ་བྲོས་ཏེ་དེ་གར་མཚན་གང་པོར་ཉལ་བསྡད་པ་ཡིན། ཞོགས་པ་ཡར་ལངས་ནས་ལྟ་དུས་ཚང་མ་ཆུས་བསྣུབས་ཚར་འདུག ཟ་རྒྱུ་འཐུང་རྒྱུ་ཞིག་རེག་ཐབས་བྱས་ཀྱང་ཚོང་ཁང་ཚང་མ་རྨེག་མེད་དུ་སོང་འདུག དེ་ནས་ཡར་མར་སོང་སྟེ་ཟ་མ་ཞིག་རག་ཐབས་བྱས་ཀྱང་རྙེད་མ་སོང་། སྐབས་དེར་དམག་མི་མང་པོ་ཞིག་ཡོང་སྟེ་བེམ་པོ་ས་འོག་ནས་འདོན་བཞིན་འདུག  ལམ་བར་དུ་ངས་བེམ་པོ་བཅུ་གྲངས་ཤིག་མཐོང་སོང་ལ། དེ་དག་ནི་ལམ་ཁ་ནས་ཞོར་དུ་མཐོང་བ་ཞིག་ལས་ང་རང་ཆེད་དུ་བེམ་པོར་ལྟ་རུ་སོང་བ་མིན།

 དྲི་བ།  གནས་སྟངས་དེ་མཐོང་རྗེས་ཁྱེད་ཀྱི་སེམས་ལ་ཞེད་སྣང་སྐྱེས་སོང་ངམ།

ལན།  ང་ལ་ཞེད་སྣང་གང་ཡང་སྐྱེས་མ་སོང་ཡང་།  བེམ་པོ་དེ་དག་མཐོང་ཡོང་དུས་མིག་གིས་ལྟ་མི་ཐུབ་པ་ཞིག་རེད།  

དྲི་བ།  གོད་ཆག་ནང་ཁྱེད་ཀྱི་ནང་མི་དང་གྲོགས་པོ་སོགས་འདས་གྲོངས་སུ་སོང་བའི་གནས་སྟངས་བྱུུང་ཡོད་དམ།

ལན།  ངས་ནང་མི་དང་གྲོགས་པོ་སོགས་ལ་བར་ཆད་ཅི་ཡང་བྱུང་མི་འདུག སྤྱིར་གྲོགས་པོ་ཚོ་ངའི་གཅེན་པོའི་ཁང་པའི་ནང་བསྡད་ཡོད་ཀྱང་། མཚན་མོ་དེར་ཕྱི་ལོགས་སུ་འཆམ་འཆམ་དུ་སོང་བའི་དབང་གིས་གནོད་སྐྱོན་མ་བྱུང་བ་རེད།  གལ་ཏེ་ང་ཚོ་ཁང པའི་ནང་བསྡད་ཡོད་ན་ང་ཚོ་ཆུས་བསྣུབ་ཡོད་ཀྱི་རེད། རྗེས་སུ་ང་ཚོའི་ཁང་པ་དེའང་ཆུས་བསྣུབས་ཚར་འདུག

 དྲི་བ།  ཁྱེད་རང་ནང་དུ་ལོག་རྗེས་ཅི་ཞིག་བྱས་པ་ཡིན།

ལན།  ཉིན་ཤས་སོང་རྗེས་སློབ་གྲྭ་འཚོགས་གྲབས་ཡོད་དུས་འབྲུག་ཆུ་རྫོང་གི་བཞི་མདོ་བརྒྱུད་ནས་སློབ་གྲྭར་སོང་བ་ཡིན། སྐབས་དེར་ཡང་ངས་བེམ་པོ་ཁ་ཤས་ཤིག་མཐོང་བྱུང་ལ། ཉེན་རྟོག་པས་བེམ་པོ་རུལ་བ་རྣམས་ན་ཚ་འགོས་རྒྱུར་དོགས་ཏེ་བསྔོག་འཇུག་གི་མི་འདུག

 དྲི་བ།  བོད་ཀྱི་ས་ཁུལ་ཁག་ནས་ཡོང་བའི་གྲྭ་པ་དང་མང་ཚོགས་དང་བླངས་པ་དེ་འདྲ་འདུག་གམ།  

ལན།  རོགས་རམ་དུ་ཡོང་མཁན་མང་པོ་ཡོད་སྲིད་ནའང་ངས་ཐེ་བོ་ཕྱོགས་ཀྱི་གྲྭ་པ་རེ་ཟུང་མ་གཏོགས་མཐོང་མ་བྱུང་། དེ་ལྟ་ནའང་། འབྲུག་ཆུ་རྫོང་གི་ཞིང་སོ་སོ་ནས་ཡོང་བའི་དང་བླངས་པ་མང་པོ་ཞིག་འདུག  དེ་བཞིན་ས་ཆ་གཞན་ནས་ཡོང་མཁན་ཡང་ཡོད་སྲིད་ཀྱི་རེད། དེའི་ཐད་ངས་གསལ་པོ་ཞིག་ཤེས་མ་སོང་། རྫོང་ཏང་མི་ཞིག་ཡིན་ན་ངེས་པར་དུ་རྫོང་ཐོག་ལ་སོང་སྟེ་རོགས་རམ་བྱ་དགོས་ཀྱི་འདུག

དྲི་བ།  འབྲུག་ཆུ་རྫོང་གི་ལམ་ཁ་ཚང་མ་བཀག་འདུག་ཟེར་བ་དེ་བདེན་པ་རེད་དམ།

ལན།  ང་རང་འབྲུག་ཆུ་ནས་ཐོན་ཁར་ལམ་ཁ་ཆུས་བསྣུབས་ཏེ་འགག་འདུག་ཀྱང་། རྗེས་ནས་སློབ་གྲྭར་འབྱོར་ཏེ་བརྙན་འཕྲིན་ལ་ལྟ་སྐབས་གཙང་པོའང་ཆུང་དུ་ཕྱིན་ཏེ་ལམ་ཁ་བསྐྱར་གསོ་བྱེད་བཞིན་པའི་སྒང་རེད།  

དྲི་བ།  རླུང་འཕྲིན་དང་བརྙན་འཕྲིན་ཁག་གིས་གནས་ཚུལ་རྒྱུས་ལོན་བྱེད་སྟངས་ཇི་འདྲ་རེད།

 ལན།  ཀན་སུའུ་བརྙན་འཕྲིན་ཁང་དང་། ཀན་ལྷོ་བརྙན་འཕྲིན་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ས་གནས་སུ་འབྱོར་ཏེ་བཅར་འདྲི་བྱེད་བཞིན་པ་ངས་མཐོང་སོང་། ཡིན་ནའང་། དེ་ཚོ་ཚང་མ་རྒྱ་སྐད་ལམ་ནས་བཤད་ཀྱིན་འདུག

དྲི་བ།  བཅར་འདྲི་འདི་བརྒྱུད་ཁྱེད་ལ་བཤད་འདོད་པའི་སྐད་ཆ་འདྲ་ཡོད་དམ།

ལན།  ཁྱེད་ཚོས་ང་ཚོར་སེམས་ཁུར་དང་དོ་སྣང་བྱས་ཏེ་སྐད་ཆ་དྲིས་པར་ཐུགས་རྗེ་ཆེ་ཞུ། ངའི་གྲོང་སྡེ་དེ་འབྲུག་ཆུའི་རྫོང་ཁོངས་ནས་འཚོ་བ་ཅུང་ལེགས་པའི་གྲས་ཤིག་ཡིན་ཡང་། འབྲུག་ཆུའི་ས་ཁུལ་འགའི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་དུས། ཁོང་ཚོར་རོགས་སྐྱོར་དང་དེའི་ཐད་ཀྱི་ཁྱབ་བསྒྲགས་སོགས་བྱེད་ཐུབ་ན་ཡག་པོ་འདུག

བསྡུ་སྒྲིག་པ། དཔལ་ལྡན།  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “གོད་ཆག་བྱུང་མཁན་ཕལ་ཆེ་བ་མང་ཚོཊ་དཀྱུས་མ་རེད།

  1. ཨ་རིག་དགེ་མཐོང་།

    རྩོམ་པ་པོ་ལྕགས་མོ་འཚོས་གནད་འགག་ཅིག་ཞིབ་ཚགས་ཀྱི་་སྒོ་ནས་བཅར་འདྲི་བྱས་པ་བཟང་གི དེ་མིན་འབྲུག་ཆུའི་སྐོར་ཁ་གསལ་ཞིག་ཁྱོན་ནས་གོ་རྒྱུ་མི་འདུག ངས་ཀྱང་ཐབས་ཤེས་གང་ཡོད་ཀྱིས་བརྩད་གཅོད་བྱེད་ཁུལ་བྱས་ཀྱང་་གསལ་བོ་ཞིག་གོ་མ་སོང་། དེ་རིང་ཅུང་ཙམ་ཕན་སོང་། གཙོ་བོ་མཚོ་སྡོན་བརྙན་འཕྲིན་ཁང་མ་བཏང་བས་རེད།
    ལྷ་མོ་དང་ཚེ་མགོན་སོགས་སོང་ཡོད་ཚེ་ཏག་ཏག་བཟོས་ངེས་རེད།