སྒ་སྐྱ་ལོའི་འབྲུག་མོ།

རྒྱ་ནག་དབུས་གེ་སར་ལས་དོན་ཚོགས་ཆུང་དང་། ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་སྲིད་གཞུང་གཉིས་མཉམ་འབྲེལ་ཐོག ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ ༢༦ བར་ཉིན་གཉིས་རིང་། མཚོ་སྔོན་ཡུལ་ཤུལ་རྩྭ་ཐང་དུ་འབྲུག་མོའི་སྐུ་བརྙན་གསར་བཞེངས་ལེགས་འགྲུབ་ཀྱི་མཛད་སྒོ་ཞིག་དང་བསྟུན་ཏེ་༼ སྒ་སྐྱ་ལོའི་རིག་གནས་ཞིབ་འཇུག་གྲོས་ཚོགས ༽ ཟེར་བ་དེ་བསྡུས་ཡོད། ཚོགས་འདུ་དེའི་སྟེང་རྒྱ་ནག་དབུས་སྤྱི་ཚོགས་ཚན་རིག་གླིང་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་འཇམ་དཔལ་རྒྱ་མཚོ་དང་། རྒྱ་ནག་རྒྱལ་ཡོངས་གེ་སར་ལས་དོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ནོར་བུ་དབང་རྒྱལ་སོགས་ཞིབ་འཇུག་ཆེད་མཁས་པ་ ༥༠ ཙམ་ཚོགས་ཞུགས་གནང་ཡོད་འདུག

 

སྐབས་དེར་འབྲི་སྟོད་རྫོང་གི་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་སྐུ་བརྙན་གྱི་ཡོལ་བ་ཕྱེས་ཤིང་། ཚོགས་བཅར་བ་ཡོངས་ཀྱིས་གཟིགས་སྐོར་དང་འབྲེལ་ཁ་བཏགས་སྒྲོན་འབུལ་ཞུས་ཤིང་། ཚོགས་འདུ་དངོས་གཞི་དེ་འབྲི་སྟོད་རྫོང་སྲིད་གཞུང་དུ་ཚོགས་ཡོད་འདུག རྒྱ་ནག་རྒྱལ་ཡོངས་གེ་སར་ལས་དོན་འགན་འཛིན་ལྷན་ཚོགས་ཀྱི་ས་འབྲི་སྟོད་རྫོང་ལ་འབྲུག་མོའི་ཕ་ཡུལ་དང་། གེ་སར་སྒྲུང་གི་ངག་ཐོག་རྒྱུད་འཛིན་ཞིབ་འཇུག་རྟེན་གཞི། ཞེས་པའི་མཚན་བྱང་དང་མཉམ་དུ་གེ་སར་སྒྲུང་གི་དཔེ་ཆ་སོགས་ཀྱི་རིག་དངོས་བསྩལ་ཡོད། འབྲི་སྟོད་རྫོང་ནི་ཡུལ་ཤུལ་ཁུལ་གྱི་ནུབ་ཕྱོགས་དང་འབྲི་ཆུའི་མགོ་ཁུངས་སུ་གནས་ཡོད་ལ། གནས་འདི་ནི་འཛམ་གླིང་གི་ལྷ་སྒྲུང་རིང་གྲས་གེ་སར་དཔའ་བོའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་སུ་ངོས་འཛིན་བྱེད་ཅིང་། ཡུལ་འདི་ཡི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ལ་གཞས། གཏམ་དཔེ། གབ་ཚིག་སོགས་གེ་སར་དང་འབྲུག་མོའི་ཤུལ་བཞག་རིག་གནས་ཀྱི་ཆུ་རྒྱུན་འདྲེས་ནས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “སྒ་སྐྱ་ལོའི་འབྲུག་མོ།

  1. ནཱ་གྷཱ་རཀྵ།

    སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་སྐུ་བརྙན་འདི་མཐོང་སྐབས་གླིང་གི་རྟ་རྒྱུགས་རྒྱལ་འཇོག་སྐབས་ཀྱི་དཔའ་རྟུལ་ངོ་སྤྲོད་ཀྱི་སྒྲུང་གླུ་དེ་དྲན་འོང་། སེང་ལྕམ་འབྲུག་མོའི་དགུ་སེང་དྲུག་འགྱུར་གྱི་ལྟ་ལ་དྲངས་པའི་སྒྲུང་གླུ་དེ་ཧ་ཅང་སྙན་པོ་ཡོད།
    ཁྲུང་ཁྲུང་གིས་བསྐོར་ཡོད་པར་བལྟས་ན་འབྲུག་མོ་ཧོར་ན་ཡོད་པ་དང་གེ་སེར་དྲན་གྱི་ཡོད་པའི་ཚུལ་རེད། དེ་མིན་ཡང་སྲིད། གང་ལྟར་ང་ཚོ་ད་རུང་བུད་མེད་ཀྱི་སྐུ་བརྙན་བཞེངས་རྒྱུ་མང་པོ་ཡོད།

  2. མི་ནག་ཚང་ལུང་རིགས་རྒྱལ།

    པར་ལ་ཐེངས་གཅིག་བལྟས་རྗེས། མིག་ལམ་ལ་ཡང་ཡང་འཁོར་ཡོང་བ་ནི་ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན་དེ་རེད།

  3. སྒ་སྐྱ་ལོ་ཞེས་གོ་མྱོང་ཡོད་ཀྱང་།།
    ཞལ་ད་ཐེངས་མ་གཏོགས་མཐོན་མྱོང་མེད།།
    གོ་ཐོས་ལྟར་ན་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི་མགོ་ལོག་གི་འབྲོག་མོ་ཞིག་ཡིན་ཚོད་འདུག་མོད། སྐུ་བརྙན་འདིའི་སྟེང་ན་འབྲོག་མོ་ཞིག་གི་བཟོ་ལྟ་མི་འདུག། གྲོང་ཁྱེར་ནས་འཚར་ལོུངས་བྱུང་བའི་བོད་སྐད་མི་ཤེས་བའི་བོད་མོ་ཞིག་གིས་གོམ་རིམ་གྱི་རྒྱ་རྒན་ཞིག་ལ་སྣེ་ལེན་བྱེད་པ་དང་འདྲ་བོ་འདུག། ད་མང་བོ་མི་བཤད།