རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་གཟེངས་རྟགས་དེ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྲིད་དོན་བཙོན་པ། རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་ཐག་གཅོད་བྱུང་མ་ཐག འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་གིས་དགའ་བསུའི་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད།
ཁ་སང་ཕྱི་ཚེས་ ༨ ཉིན་ཕྱི་ལོ་ ༢༠༡༠ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྲིད་དོན་བཙོན་པ། རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་གསལ་བསྒྲགས་བསྐྱངས་མ་ཐག ༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་གཉིས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་བསྩལ་ཡོད་ཅིང་། ནོར་ཝེ་སྲིད་འཛིན་གཙོས་པའི་འཇར་མན་དང་ཧྥ་རན་སི། ཐེ་ཝན། བྷེལ་རྗམ་སོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ནས་གཅིག་རྗེས་གཉིས་མཐུད་དུ་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད།
ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་བཀོད་དོན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་གཉིས་བར་འབྲེལ་བ་ཟབ་མོ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདས་པའི་མི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། དཔལ་འབྱོར་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆ་སྙོམས་ཐོག་ཡར་རྒྱས་ཕྱིན་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ཆར་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་གཉིས་པར་བསླེབས་ཏེ། མི་དམངས་ས་ཡ་མང་པོ་དབུལ་ཕོངས་ཀྱི་དཀའ་སྡུག་ལས་གྲོལ་བཞིན་ཡོད་ཅིང་། གོ་སྐབས་འདི་དང་བསྟུན་ཏེ་ཆབ་སྲིད་གནས་བབ་ཀྱང་གུ་ཡངས་སུ་གཏོང་རྒྱུའི་གོ་སྐབས་ཡོད་པ་མ་ཟད། འདི་དང་ཆབས་ཅིག་རྒྱ་ནག་གི་ཆབ་སྲིད་ལ་འགན་འཁྲི་ཆེན་པོ་ཞིག་ཀྱང་ཡོང་གི་ཡོད། ཅེས་དང་།
རྒྱ་ནག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་མང་པོར་ས་རྟགས་བསྐྱོན་པའི་གྲས་སུ་ཡོད་ཀྱང་། དུས་ཡུན་རིང་པོར་རྩིས་མེད་རྡོག་རོལ་དང་ཆབ་སྲིད་ཐོབ་ཐང་ལ་གཏོར་བཤིག་གཏོང་གི་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༥ ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡོངས་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་། དེ་བཞིན་བསམ་ཚུལ་མི་མཐུན་པ་དང་ལྟ་གྲུབ་མི་མཐུན་པའི་རིགས་ཀྱིས་གཞུང་ལ་གཏུག་བཤེར་དང་། ངོ་རྒོལ་སྐད་འབོད་སོགས་ཀྱི་ཐོབ་ཐང་ཡོད་པ་སོགས་བཀོད་ཡོད། ཅེས་བསྟན་འདུག
དེར་མུ་མཐུད་བཀོད་དོན། འདས་པའི་མི་ལོ་བཅུ་ཕྲག་གཉིས་རིང་། ལིག་ཞོ་པོ་ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་ལས་དོན་ཤུགས་ཆེན་སྤེལ་ཞིང་ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་ནང་ཞུགས་ཡོད། ༢༠༠༨ ལོར་བརྩམས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་། ཆབ་སྲིད་ལམ་ལུགས་བཅོས་སྒྱུར་དགོས་པའི་རྩོམ་ཡིག་སྤེལ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ། མི་ལོ་ ༡༡ གི་ཁྲིམས་ཆད་དང་ལོ་ ༢ ཀྱི་ཆབ་སྲིད་དབང་ཆ་འཕྲོགས་ཡོད། དེ་ནི་རྒྱ་ནག་གཞུང་གིས་མུ་མཐུད་རྩ་ཁྲིམས་ཀྱི་ནང་དོན་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་འཛོལ་བྱེད་ཀྱི་ཡོད། གནས་སྟངས་དེ་དག་འོག་ལིག་ཞོ་པོ་ནི་མིག་དཔེར་བལྟ་འོས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་རླབས་ཆེན་ཞིག་ཡིན། ཞེས་བཀོད་ཡོད།
ལིག་ཞོ་པོ་ཡི་བཟའ་ཟླ་ལིག་ཞོ་ཞཱ་ཡིས་ཐེངས་འདིར་ལིག་ཞོ་པོ་ལ་རྒྱབ་སྐྱོར་གནང་མཁན་ཅཱེག་སྤྱི་མཐུན་རྒྱལ་ཐུབ་ཀྱི་སྲིད་འཛིན་ཟུར་བ་བཱ་ཟི་ལ་ཧྭ་ཝར་དང་། ༧གོང་ས་ཏཱ་ལའི་བླ་མ། ཡུ་ཤེའི་བླ་ཆེན་ཁྲོའུ་ཁྲོའུ་བཅས་ལ་ཐུགས་རྗེ་ཆེ་ཞུས་འདུག་ལ། ཁོང་མོས་བཟའ་ཟླ་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་འདི་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་བྱུང་ཞིང་། འདི་དང་མཉམ་དུ་སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང་། དེ་ནི་ལིག་ཞོ་པོ་ཁོང་དང་མཉམ་དུ་གཏམ་བཟང་འདིར་རོལ་བའི་གོ་སྐབས་མེད་སོང་བ་དེ་རེད་ཅེས་དང་། རྒྱ་ནག་གཞུང་ལ་ལིག་ཞོ་པོ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལིག་ཞོ་པོ་ཁོང་ད་ལྟ་རྒྱ་ནག་བྱང་ཤར་ལེའོ་ཉིན་ཞིང་ཆེན་ནང་ཁྲིད་ཡོད་པའི་གནས་ཚུལ་ཉེན་རྟོག་པའི་ཁ་ནས་གོ་སོང་། ཟླ་རྗེས་མར་ང་ཁོང་ལ་ཐུག་འཕྲད་དུ་བསྐྱོད་རྒྱུ་ཡིན་ལ། སྐབས་དེར་ཁོང་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པ་བཤད་ཐུབ་གི་རེད། ཅེས་བརྗོད་འདུག
རྒྱ་རིགས་རྩོམ་པ་པོ་ལིག་ཞོ་པོ་ལགས་ནི་ད་ལྟ་རང་ལོ་ ༥༤ ཡིན་ཞིང་། ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྐབས་ཁོང་ཨ་རིར་ཡོད་ཀྱང་། གནས་ཚུལ་དེ་ཐོས་མ་ཐག་འཕྲལ་དུ་རྒྱ་ནག་ནང་ཕྱིར་ལོག་བྱས་ཤིང་། ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་སྣེ་འཁྲིད་པའི་འགན་བཞེས་ཡོད། འོན་ཀྱང་། སྐབས་དེར་རྒྱ་གཞུང་གིས་ལས་འགུལ་དེར་དྲག་གནོན་བྱས་ཏེ་སློབ་ཕྲུག་སྟོང་ཕྲག་མང་པོ་བསྡེབས་གསོད་བྱས་ཤིང་། ལིག་ཞོ་པོ་ཡང་འཛིན་བཟུང་བྱས་ཏེ་ལོ་གཉིས་ལ་བཀག་ཉར་གྱིས་ ༡༩༩༡ ལོར་ཀློད་གྲོལ་བཏང་ཡོད། ཁོང་གིས་དུས་རྒྱུན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་དགོས་པ་དང་། ཚོགས་པ་གཅིག་གིས་སྒེར་སྡོམ་བྱས་པའི་སྲིད་ལུགས་དེར་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ཏེ་ ༡༩༩༦ ལོར་སླར་ཡང་འཛིན་བཟུང་བྱས་ཏེ་ལོ་གསུམ་ལ་ཏེ་ངལ་རྩོལ་བསྒྱུར་བཀོལ་གྱི་བཙོན་དུ་བཅུག
༡༩༩༩ ལོར་ཀློད་གྲོལ་ཐོབ་ཀྱང་མུ་མཐུད་དེ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། ལྷག་པར་དུ་བོད་ཀྱི་གནད་དོན་གཙོས་པའི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་དེ་དྲང་བདེན་མིན་པའི་སྐྱོན་བརྗོད་སྔར་ལས་ཤུགས་ཆེ་རུ་བཏང་ཞིང་། ཕྱི་ལོ་ ༢༠༠༨ ལོར་ ༼ ཕྱི་ལོ་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆ ༽ ཞེས་པའི་ཡིག་ཆ་དེ་རྩོམ་སྒྲིག་བྱས་ཏེ། ཁོང་གཙོས་པའི་རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བ། དེ་བཞིན་ལས་རིགས་འདྲ་མིན་སྟེང་གི་ཤེས་ཡོན་ཅན་དང་། གཞི་རིམ་མང་ཚོགས་དཀྱུས་མ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་གིས་ས་རྟགས་བསྐྱོན་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་སྟབས། རྒྱ་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལེའོ་ཉེན་ཞིང་ཆེན་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།