༧གོང་ས་མཆོག་གིས་རྟེན་འབྲེལ་ཞུས།

 

རྩོམ་པ་པོ་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མ་ཐག ༧གོང་ས་མཆོག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་བཀོད་དོན། ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེ་ནི། རྒྱ་ནག་མི་དམངས་ནང་ཆབ་སྲིད་དང་ཆོས་ལུགས། རྩ་ཁྲིམས་བཅོས་སྒྱུར་གྱི་འདོད་པ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད་ལ། ངོས་རང་སྒེར་གྱི་ཐོག་ནས་ཀྱང་འཕེལ་རིམ་འདི་ནི། ལིག་ཞོ་པོ་ལྟ་བུའི་རྒྱ་ནག་གི་དམངས་གཙོ་དར་སྤེལ་དང་། རང་དབང་དོན་གཉེར་བ་ཚོས་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆར་ས་རྟགས་བསྐྱོན་པ་དེས་ང་རང་ལ་བློ་སྟོབས་ཆེན་པོ་ཞིག་སྐྱེས་སུ་བཅུག་བྱུང་། སྐབས་དེར་ང་རང་པོ་ལན་ཌིར་སྐྱོད་བཞིན་པའི་དུས་ཚིགས་ཤིག་ཏུ་འཁེལ་སྟབས། ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་དེ་སྤྱན་འབུལ་ཞུས་ཏེ་ཉིན་གཉིས་རྗེས་ཏེ། ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་ངས་ལས་དོན་དེར་ཡིད་སྨོན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད། ངོས་རང་ནས་རྒྱ་ནག་གི་མི་རབས་གསར་པ་ཚོས་དམངས་གཙོའི་ལམ་སྲོལ་ལོངས་སུ་སྤྱོད་ཐུབ་པའི་ཡིད་ཆེས་བྱུང་ཞིང་། རྒྱ་ནག་ནང་དོན་དངོས་དང་མཐུན་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་ཐུབ་པ་ཡིན་ན། དེས་འཆམ་མཐུན་དང་བརྟན་ལྷིང་། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་བསྐྲུན་པར་ཕན་རླབས་ཆེན་པོ་འབྱུང་གི་རེད། མཐའ་དོན་ངོས་རང་གིས་གོ་སྐབས་འདི་བཟུང་སྟེ། རྒྱ་ནག་གཞུང་ལ་ལིག་ཞོ་པོ་ཀློད་གྲོལ་ཡོང་རྒྱུར་བསྐྱར་དུ་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་། གང་མྱུར་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། 

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

9 thoughts on “༧གོང་ས་མཆོག་གིས་རྟེན་འབྲེལ་ཞུས།

  1. རྨོངས་སད་སྒྲོན་མེ།

    རྒྱ་ནག་དམར་པོའི་འོག་ཏུ་ད་བར་དུ་སྡུག་གྱོང་མནར་གཅོད་མྱོངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་གཞན་སུ་ཡིན་ཡང་གློད་གྲོལ་ཐོབ་ཆེད་ནུས་པའང་ད་ལྟ་གོ་སྐབས་འདི་དང་བསྟུན་ནས་འདོན་དགོས་པ་མཐོང་།