རྒྱ་ནག་དང་ཉི་ཧོང་གི་རྩོད་རྙོག

ཉེ་ཆར་རྒྱ་ནག་དང་ཉི་ཧོང་བར་མཚོ་གླིང་བདག་དབང་ཐད་ཀྱི་རྩོད་རྙོག་ཅིག་གིས་རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། མཚོ་ངོགས་སོ་སོའི་མང་ཚོགས་ཁྲོད་དུའང་འགལ་བ་ཆེ་རུ་ཕྱིན་ཡོད།  

ཁ་སང་ཕྱི་ཚེས་༡༧ ཉིན་ཉི་ཧོང་སྲིད་བློན་ནཱའོ་ཌོ་ཀན Naoto Kan གྱིས། འདས་པའི་ཉིན་འགའི་ནང་རྒྱ་ནག་ནང་ཉི་ཧོང་ལ་ངོ་རྒོལ་བྱས་པའི་བྱ་སྤྱོད་དེར་བློ་ཕམ་ཡོད་ཚུལ་དང་། རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་བཟོ་གྲྭ་རྣམས་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཁོང་གིས་ཉི་ཧོང་གྲོས་ཚོགས་ནང་། ཕྱོགས་གཉིས་བར་གྱི་ད་ལྟའི་འགལ་ཟླའི་རྣམ་པ་འདི་གང་མགྱོགས་སེལ་ཐབས་བྱ་དགོས་སྐོར་ནན་གྱིས་བརྗོད་ཡོད། དེ་བཞིནརྒྱ་ནག་གཞུང་ངོས་ནས་ཀྱང་ཉེ་ལམ་ཉི་ཧོང་གི་རྒྱལ་སར་རྒྱ་ནག་ལ་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་པ་བློ་ཕམ་ཡོད་ལུགས་བརྗོད་ཡོད།

རྒྱ་ནག་དང་ཉི་ཧོང་བར་གྱི་འགལ་ཟླའི་འབྱུང་རྐྱེན་གཙོ་བོ་དེ། ཐེ་ཝན་གྱི་བྱང་ཤར་དང་རྒྱ་ནག་སྐམ་ས་ཆེན་མོའི་ཤར་ཕྱོགས། ཉི་ཧོང་གི་ལྷོ་ཤར་བཅས་སུ་ཡོད་པའི་སྤྱི་ལེ་གྲུ་བཞི་མ་བདུན་ ཙམ་གྱི་མཚོ་གླིང་ཆེ་ཆུང་བརྒྱད་ཙམ་ཡོད་པ་དེ་དག་ཡིན་འདུག དེ་ནི་གླིང་ཕྲན་དེ་དག་མཚོ་གྲུའི་རྒྱུད་ལམ་དང་ཉ་རིགས་ཚོང་ལས་ཀྱི་ལྟེ་གནས་ཆགས་ཡོད་པ་མ་ཟད། སྣུམ་གྱི་ཐོན་ཁུང་ཡོད་ལུགས་ཀྱང་རྗོད་ཀྱི་ཡོད།

 

ཉི་ཧོང་གཞུང་གིསཐེ་ཝན་གཙོས་མཚོ་གླིང་འདི་དག ༡༨༩༥ ལོར་ཉི་ཧོང་གི་ས་ཁོངས་སུ་བདག་བཟུང་བྱས་ཞིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་མཚོ་གླིང་འདི་དག་དང་གཞན་ས་ཁུལ་མང་པོ་ཞིག་ཨ་རིའི་དབང་སྒྱུར་འོག་ཤོར། ཕྱི་ལོ་ ༡༩༧༡ ལོར་ཉི་ཧོང་གི་ Okinawa བསྐྱར་གསོའི་ཕྱི་འབྲེལ་སྐབསམཚོ་གླིང་འདི་དག་ཚུད་པའི་ས་ཁུལ་གཞན་རྣམས་ཀྱང་བསྐྱར་དུ་ཉི་ཧོང་ལ་ཕྱིར་སྤྲོད་བྱས་ཡོད་པས། ད་ཆར་མཚོ་གླིང་འདི་དག་ཉི་ཧོང་གི་བདག་དབང་འོག་ཡོད་སྐོར་རྗོད་ཀྱི་ཡོད་ཅིང་།

རྒྱ་ནག་གཞུང་གིས། མཚོ་གླིང་འདི་དག་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁུལ་སྙོན་མེད་ཡིན་པའི་ལོ་རྒྱུས་བདེན་དཔང་དང་བཅས་པ་ཡོད་པ་མ་ཟད། ༡༨༩༥ ལོའི་ Shimonoseki ཞེས་པའི་ཆིངས་ཡིག་འཇོག་སྐབསཐེ་ཝན་གཙོས་མཚོ་གླིང་འདི་དག་ཉི་ཧོང་གི་མངའ་ཁོངས་ཆགས་ཀྱང་། རྒྱ་ནག་དང་ཉི་ཧོང་དམག་འཁྲུག་རྗེས་ཀྱི་ San Francisco ཆིངས་ཡིག་སྐབས་ཐེ་ཝན་ཕྱིར་སློག་བྱས་ཡོད་ལ། མཚོ་གླིང་གཞན་རྣམས་ཀྱང་དེའི་ཆ་ཤས་ཡིན་སྟབས། ངེས་པར་དུ་ཕྱིར་སློག་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག  

གང་ལྟརམཚོ་ངོགས་གཉིས་སུ་གནས་པའི་ཨེ་ཤ་ཡའི་རྒྱ་ཁབ་འདི་གཉིས་བར་མཚོ་གླིང་བདག་དབང་ཐདརྩོད་རྙོག་ཐེངས་མང་བྱུང་ཡོད་ལ། ཉེ་བའི་ཆར་ཉི་ཧོང་གིས་རྒྱ་ནག་གི་ཉ་འཛིན་མཚོ་གྲུ་ཞིག་དང་གྲུ་སྟེང་གི་མི་ཚང་མ་བཅས་འཛིན་བཟུང་བཀག་ཉར་བྱས་པར་བརྟེན་ཏེ། ཕྱོགས་གཉིས་བར་གྱི་འགལ་བ་རྣོ་ངར་ཅན་ཆགས་ཤིང་། རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ཏུ་རྒྱ་རིགས་མང་ཚོགས་ཀྱིས་ཉི་ཧོང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་ཚོང་ལས་དང་བཟོ་ལས་སྡེ་ཚན་ཁག་ཅིག་ལ་གཏོར་སྐྱོན་ཡང་བཏང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “རྒྱ་ནག་དང་ཉི་ཧོང་གི་རྩོད་རྙོག

  1. ཨ་རིས་གཙོ་བྱས་པའི་ནུབ་ཕྱོགས་དང་། ལྷག་ཏུ་ཉི་ཧོང་གིས་རྒྱ་ནག་ལ་སྡུག་པོ་ཚད་མེད་གཅིག་བཏང་མྱོང་བ་མ་ཟད་རྒྱ་མི་རིགས་ཟེར་བ་དེར་མཐོང་ཆུང་དང་ཁྱད་གསོད་ཚད་ལས་འདས་པ་བྱས་མྱོང་བ་རེད།

    རྒྱ་ནག་རྒྱལ་ཁབ་དང་མི་རིགས་ལ་དཀའ་ཚེགས་ཆེ་བའི་དུས་རབས་སྔོན་མའི་ནང་ཁོང་ཚོས་ཁྱི་དང་། ཞི་མི། རྒྱ་མི་གསུམ་ནང་དུ་མ་གཏོང་ཞེས་རྒྱ་རིགས་གཅིག་ཡིན་ཕྱིན་བྱི་ལ་དང་ཁྱི་དང་ཁྱད་པར་མེད་པའི་འདུ་ཤེས་བཟུང་ནས་ཁྱི་དང་རྒྱ་མི་ནང་དུ་ཡོང་མ་འཇུག་ཅེས་མཐོང་ཆུང་དང་ཁྱད་གསོད་ཡུན་རིང་བྱས་མྱོང་བ་རེད།

    བློ་རིག་བཀྲ་བའི་མེས་པོ་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིང་གི་གཙོས་བྱས་པའི་རྒྱ་ནག་གུང་ཁྲན་དམར་པོའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་ནས་ད་བར་མི་ལོ་ཁྱོན་ ༦༠ ནང་རྒྱ་ནག་རྒྱལ་ཁབ་དང་རྒྱ་མི་རིགས་འདི་འཛམ་གླིང་སྟེང་ཡར་ལངས་ཟིན་སྟབས་ཁོང་ཚོའི་ཁྲག་རྩའི་ནང་གི་ཤ་འཁོན་གྱི་སྙིང་ནད་དེ་ཤུགས་ཆེ་རུ་མ་གཏོགས་ཆུང་དུ་འགྲོ་མི་སྲིད།

    ཨ་རི་མགོ་སེར་གྱི་ངོས་ནས་བཤད་ན་དེ་ནི་ཚན་རིག་རྡུལ་ཕྲན་གྱི་འཇིག་རྟེན་གྱི་ལྟ་ཚུལ་གཅིག་ཡིན་ལ་རྒྱ་མི་རིགས་ཀྱིས་ངོས་ནས་བཤད་ན་ཆབ་སྲིད་དཀའ་རྙོག་ཡིན་ཞིང་ངེད་བོད་པའི་ངོས་ནས་བརྗོད་ན་དེ་ནི་ལས་རྒྱུ་འབྲས་གཅིག་ཡིན་ཟེར།

  2. དྲ་གྲོགས་ཚང་མའི་བསམ་ཚུལ་གཅིག་པ་གཅིག་རྐྱང་རེད།
    ད་སྐབས་དགྱ་ནག་འདི་འཛམ་གླིང་ནང་གི་དབང་ཤུགས་ཆེན་པའི་རྒྱལ་ཁབ་ཞིག་རེད་ཅེས་ཚང་མས་ཁ་གཅིག་གྲག་གིས་ཤོད་ཀྱིན་འདུག

    ངས་བལྟས་ན་དེ་འདྲ་ཞིག་རྩ་བ་ནས་མ་རེད་བསམ་གྱིན་ཡོད། གང་ཡིན་ཟེར་ན། {{ས་སྐྱ་པཎ་གྱིས་གསུང་དོན}}་ མཁས་པ་བརྒྱ་ལ་ང་མི་སྐྲག། བླུན་པོ་གཅིག་ལ་ང་སྐྲག་གོ། ཞེས་པའི་དཔེ་གསོན་པོ་གསོན་རྐྱང་འདི་ལས་གཞན་དགྱ་ནག་ལ་དཔེ་གཞན་པ་གང་ཡང་འདྲེན་དགོས་དོན་མེད།

    ང་ཚོ་མི་སུ་དང་སུ་ཡིན་ནའང་གནས་ལུགས་དང་རྒྱུ་མཚན་བརྩི་མཁན་ལ་དགའ་བོ་བྱེད་པ་ལས། གནས་ལུགས་དང་རྒྱུ་མཚན་ཇི་ལྟར་བགྲངས་ན་ཡང་ཁས་ལེན་དང་བརྩི་འཇོག་རྩ་་བ་ནས་མི་བྱེད་མཁན་དེ་ཚོར་སུས་དགའ་བསུ་དང་ཡིད་རེངས་འཐོབ་བམ། ཧམ་བཤད་དང་མགོ་བསྐོར་གཏོང་མཁན་གྱི་རིགས་དེ་ནི་ཅི་ཙམ་ཡར་རྒྱས་སུ་འགྲོ་རུང་། ནམ་ཞིག་གི་ཉིན་མ་འགྱོད་པའི་ལས་ལ་བསྐྱལ་རྒྱུ་ལས་གཞན་བདེ་པའི་གནས་མལ་ཞིག་མི་རག་པ་ཤོད་ག་ལ་དགོས།

    ད་རེའི་ཉིན་ཧོང་ཙམ་མ་ཟད། དགྱ་ནག་པོ་འདིས། གོ་ལ་ཧྲིལ་བོ་འདིའི་སྒང་གི་རྒྱལ་ཁབ་མང་པོ་ཞིག་ལ་བརྙས་བཅོས་བྱས་ཡོད་པ་བཤད་མ་དགོས་པ་རེད། དེ་འདྲ་སོང་ཙང་། གཞན་ལ་འཕྱ་དམོད་དང་བརྙས་བཅོས་ཅི་ཙམ་བྱས་པ་ཡིན་ན། འབྲས་པུ་ཡང་དེ་ལས་ལྷག་པ་ཞིག་སྨིན་རྒྱུ་ཡིན་པ་ཐག་གིས་ཆོད།

    ཧམ་པ་ཤོད་རྒྱུ་མང་ན་མགོ་བོ་གཅོག་པའི་ཉིན་ཞིག་ཏན་ཏན་ཡོང་ངེས་ཡིན།
    ཐེ་ཚོམ་ཡོད་པ་མ་རེད།
    མི་དང་མི་ཡི་བར་གྱི་འགྲོ་སྲོལ་དེ༎
    ཡང་དག་མ་བརྩིས་རྡོག་རོལ་བཏང་བས་ན༎
    ལས་ངན་འབྲས་པུ་ལྕི་མོའི་མནར་སྨིན་ཞིག།
    ངེས་པར་སྨིན་པ་ཐེ་ཚོམ་ག་ལ་གདའ༎

  3. རྒྱ་དམར་བོའི་གཞུང་གིས་འཁྲབ་གཞུང་དང་སློབ་དེབ་ཚུན་ཆད་དུ་འཇར་པན་འདྲེ་དམག་ཡིན་ཚུལ་བརྗོད་ཀྱི་ཡོད་པས། འཇར་པན་པར་ཅི་ཁག མ་གཞི་དམར་ཕྱོགས་པ་ནི་དབང་སྒྱུར་གྱི་ལམ་ལུགས་ལ་དགའ་བ་ལས་འཆམ་མཐུན་དང་ཞི་བདེ་ཞེས་པ་ནི་ནེ་ཙོ་དང་ཁོ་ཚོའི་ངག་སྒྲོས་ཙམ་ཡིན།