ཉེ་ཆར་རྒྱ་ནག་དང་ཉི་ཧོང་བར་མཚོ་གླིང་བདག་དབང་ཐད་ཀྱི་རྩོད་རྙོག་ཅིག་གིས་རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། མཚོ་ངོགས་སོ་སོའི་མང་ཚོགས་ཁྲོད་དུའང་འགལ་བ་ཆེ་རུ་ཕྱིན་ཡོད།
ཁ་སང་ཕྱི་ཚེས་༡༧ ཉིན་ཉི་ཧོང་སྲིད་བློན་ནཱའོ་ཌོ་ཀན Naoto Kan གྱིས། འདས་པའི་ཉིན་འགའི་ནང་རྒྱ་ནག་ནང་ཉི་ཧོང་ལ་ངོ་རྒོལ་བྱས་པའི་བྱ་སྤྱོད་དེར་བློ་ཕམ་ཡོད་ཚུལ་དང་། རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་བཟོ་གྲྭ་རྣམས་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཁོང་གིས་ཉི་ཧོང་གྲོས་ཚོགས་ནང་། ཕྱོགས་གཉིས་བར་གྱི་ད་ལྟའི་འགལ་ཟླའི་རྣམ་པ་འདི་གང་མགྱོགས་སེལ་ཐབས་བྱ་དགོས་སྐོར་ནན་གྱིས་བརྗོད་ཡོད། དེ་བཞིན། རྒྱ་ནག་གཞུང་ངོས་ནས་ཀྱང་ཉེ་ལམ་ཉི་ཧོང་གི་རྒྱལ་སར་རྒྱ་ནག་ལ་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་པར་བློ་ཕམ་ཡོད་ལུགས་བརྗོད་ཡོད།
རྒྱ་ནག་དང་ཉི་ཧོང་བར་གྱི་འགལ་ཟླའི་འབྱུང་རྐྱེན་གཙོ་བོ་དེ། ཐེ་ཝན་གྱི་བྱང་ཤར་དང་རྒྱ་ནག་སྐམ་ས་ཆེན་མོའི་ཤར་ཕྱོགས། ཉི་ཧོང་གི་ལྷོ་ཤར་བཅས་སུ་ཡོད་པའི་སྤྱི་ལེ་གྲུ་བཞི་མ་བདུན་ ༧ ཙམ་གྱི་མཚོ་གླིང་ཆེ་ཆུང་བརྒྱད་ཙམ་ཡོད་པ་དེ་དག་ཡིན་འདུག དེ་ནི་གླིང་ཕྲན་དེ་དག་མཚོ་གྲུའི་བརྒྱུད་ལམ་དང་། ཉ་རིགས་ཚོང་ལས་ཀྱི་ལྟེ་གནས་ཆགས་ཡོད་པ་མ་ཟད། སྣུམ་གྱི་ཐོན་ཁུང་ཡོད་ལུགས་ཀྱང་རྗོད་ཀྱི་ཡོད།
ཉི་ཧོང་གཞུང་གིས། ཐེ་ཝན་གཙོས་མཚོ་གླིང་འདི་དག་ ༡༨༩༥ ལོར་ཉི་ཧོང་གི་ས་ཁོངས་སུ་བདག་བཟུང་བྱས་ཞིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་མཚོ་གླིང་འདི་དག་དང་གཞན་ས་ཁུལ་མང་པོ་ཞིག་ཨ་རིའི་དབང་སྒྱུར་འོག་ཤོར། ཕྱི་ལོ་ ༡༩༧༡ ལོར་ཉི་ཧོང་གི་ Okinawa བསྐྱར་གསོའི་ཕྱི་འབྲེལ་སྐབས། མཚོ་གླིང་འདི་དག་ཚུད་པའི་ས་ཁུལ་གཞན་རྣམས་ཀྱང་བསྐྱར་དུ་ཉི་ཧོང་ལ་ཕྱིར་སྤྲོད་བྱས་ཡོད་པས། ད་ཆར་མཚོ་གླིང་འདི་དག་ཉི་ཧོང་གི་བདག་དབང་འོག་ཡོད་སྐོར་རྗོད་ཀྱི་ཡོད་ཅིང་།
རྒྱ་ནག་གཞུང་གིས། མཚོ་གླིང་འདི་དག་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁུལ་སྙོན་མེད་ཡིན་པའི་ལོ་རྒྱུས་བདེན་དཔང་དང་བཅས་པ་ཡོད་པ་མ་ཟད། ༡༨༩༥ ལོའི་ Shimonoseki ཞེས་པའི་ཆིངས་ཡིག་འཇོག་སྐབས། ཐེ་ཝན་གཙོས་མཚོ་གླིང་འདི་དག་ཉི་ཧོང་གི་མངའ་ཁོངས་ཆགས་ཀྱང་། རྒྱ་ནག་དང་ཉི་ཧོང་དམག་འཁྲུག་རྗེས་ཀྱི་ San Francisco ཆིངས་ཡིག་སྐབས་ཐེ་ཝན་ཕྱིར་སློག་བྱས་ཡོད་ལ། མཚོ་གླིང་གཞན་རྣམས་ཀྱང་དེའི་ཆ་ཤས་ཡིན་སྟབས། ངེས་པར་དུ་ཕྱིར་སློག་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག
གང་ལྟར། མཚོ་ངོགས་གཉིས་སུ་གནས་པའི་ཨེ་ཤ་ཡའི་རྒྱ་ཁབ་འདི་གཉིས་བར་མཚོ་གླིང་བདག་དབང་ཐད། རྩོད་རྙོག་ཐེངས་མང་བྱུང་ཡོད་ལ། ཉེ་བའི་ཆར་ཉི་ཧོང་གིས་རྒྱ་ནག་གི་ཉ་འཛིན་མཚོ་གྲུ་ཞིག་དང་གྲུ་སྟེང་གི་མི་ཚང་མ་བཅས་འཛིན་བཟུང་བཀག་ཉར་བྱས་པར་བརྟེན་ཏེ། ཕྱོགས་གཉིས་བར་གྱི་འགལ་བ་རྣོ་ངར་ཅན་ཆགས་ཤིང་། རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ཏུ་རྒྱ་རིགས་མང་ཚོགས་ཀྱིས་ཉི་ཧོང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་ཚོང་ལས་དང་བཟོ་ལས་སྡེ་ཚན་ཁག་ཅིག་ལ་གཏོར་སྐྱོན་ཡང་བཏང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།