རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་མོན་གྷོ་གཏན་སློབ་དང་བོད་ཁྱིམ་པད་མ་ཚལ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ ༣༥༠ ལྷག་གིས་བོད་ནང་གི་སློབ་ཕྲུག་ཚོའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་ལངས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བྱང་བུ་འདྲ་མིན་ཐོག་བོད་རྒྱ་དབྱིན་གསུམ་གྱི་འབོད་ཚིག་སྣ་ཚོགས་བྲིས་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ལས་འགུལ་དེའི་ཐོག་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་དང་སློབ་དགེ་ཀླུ་སྒྲུབ་བསྟན་དར། ས་གནས་གྲོས་ཚོགས་ཚོགས་གཙོ་སོགས་ཆེད་ཕེབས་ཀྱིས། ཕྱི་རོལ་བཙན་བྱོལ་བོད་མི་ཚོས་བོད་ནང་དུ་རྒྱའི་བཙན་འོག་ཏུ་གནས་བའི་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཐུན་སྒྲིལ་མཚོན་ཆེད་ལས་འགུལ་འདི་དང་འདི་ལྟ་བུ་ཤུགས་ཆེན་སྤེལ་དགོས་པ་དང་། བོད་སྐད་བོད་ཡིག་སྲུང་སྐྱོབ་དེ་ཆོས་ལུགས་དང་ཆོལ་ཁ། བོད་ཕྱི་དང་ནང་། རྒྱལ་ཁབ་གཞུང་དང་མི་དམངས་མང་ཚོགས་སོགས་ལ་དབྱེ་བ་མེད་པར་སྨྲ་བརྗོད་ལོངས་སྤྱོད་ཀྱི་ཐོབ་ཐང་ཞིག་ཡིན་ལ། འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པར་བོད་པ་མི་རེ་ངོ་རེར་སྲུང་སྐྱོབ་དང་དར་སྤེལ་གྱི་འགན་འཁྲུ་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད།

 

དེ་བཞིན་སློབ་ཕྲུག་གི་སྐུ་ཚབ་ཀྱིས་ཀྱང་། བོད་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོས་རྒྱ་གཞུང་ལ་དགོས་འདུན་གྱི་ངོ་རྒོལ་བྱེད་ཀྱིན་ཡོད་པར་ང་ཚོ་བོད་བྱེས་སུ་གནས་བའི་སློབ་ཕྲུག་ཚོས་སེམས་གཏིང་ནས་ཡི་རིངས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། གཞིས་བཞུགས་སློབ་མ་ཚོ་རྒྱའི་གདུག་རྩུབ་ཆེ་བའི་ཁྲིམས་འོག་ན་འཚོ་བཞིན་དུ། ས་གནས་མང་པོར་སྔ་རྗེས་སུ་འོས་ལངས་བྱས་པ་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་བྱ་བཞག་ཅིག་རེད། རྒྱ་གཞུང་གིས་བོད་པའི་སྐད་ཡིག་རིག་གནས་བཀག་སྡོམ་བྱས་ཏེ། བོད་མི་རིགས་རྩ་མེད་ཀྱི་སྔོན་འགྲོ་སྒྲུབ་བཞིན་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ང་ཚོས་བོད་ནང་གི་སློབ་ཕྲུག་ཚོར་རམ་འདེགས་ཐུབ་པ་ནི། ཕྱི་ལོགས་ནས་བོད་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་། སྔར་ལས་ལྷག་པར་བོད་ཡིག་བོད་སྐད་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག་རྒྱུ་དེ་རེད། ཅེས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག

  1. བཙན་བྱོལ་བ་

    བཙན་བྱོལ་གྱི་སློབ་མ་རྣམས་ཀྱིས་གཞིས་ལུས་བོད་རིགས་སློབ་མ་རྣམས་ཀྱི་མཛད་རྗེས་ལ་རྒྱབ་སྐྱོར་གནང་བ་ནི་བསྔགས་བརྗོད་ཀྱི་ཡུལ་ཡིན་ དྲ་གྲོགས་ཚོ་བསམ་འཆར་བཏོན་སྐབས་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་ལ་བསམ་བློ་བཏང་ནས་བསམ་འཆར་བཏོན་དགོས་པ་ལས་རང་ཉིད་ཕྱོགས་ལྷུང་གི་ར་བའི་འོག་ཏུ་ཚུད་པ་ཞིག་གིས་གཞན་ལ་ཡང་དེ་ལྟ་བུ་བཅུག་རྒྱུའི་བརྒྱུད་བསྐུལ་མ་གནང་ན་མི་ལེགས་སམ་ དྲ་ཚིག་འདིའི་ནང་བསམ་འཆར་འདོན་མཁན་མང་ཆེ་བས་གཞིས་ཆགས་ཀྱི་ལས་འགུལ་གང་སྤེལ་ནའང་སྐྱོན་གྱི་ཆ་ཁོ་ན་བཏོན་པ་ནི་བློ་གཟུ་བོར་གནས་པའི་བྱ་ལུགས་ཤིག་གཏན་ནས་མིན་ བོད་མི་རིགས་ཀྱི་ལར་རྒྱ་ཡོད་ན་དོན་དམ་དུ་ཡོད་དགོས་པ་ལས་ཁ་ཞེ་མི་མཚུངས་པའི་གཏམ་མ་སྤེལ་ན་དགའ་སྙམ་ འདི་ནི་ངའི་འབོད་བསྐུལ་ཡིན་

  2. ཨ་མྱེ་རྫ་རྒྱ་

    བཙན་བྱོལ་ནང་གི་སློབ་ཕྲུག་འདི་ཚོའི་ཁ་ཞེ་གཉིས་མེད་ཡིན་ནམ།
    དེ་ཚོ་སྙིང་རྗེ་སོ་སོའི་བོད་ཡིག་དང་དབྱིན་ཡིག་གཉིས་ལས་གང་གཙོ་ཆེར་བྱེད་ཀི་ཡོད་དམ་བསམ་བློ་གཏོང་རོགས་གནོངས་ལོ། ངའི་བལྟས་ན་འདི་ཚོའི་རང་ངོ་ཤེས་ཀྱི་མི་འདུག

  3. ༄༅། །ཉེ་ལམ་མོན་གྷུ་འདོད་རྒུ་གླིང་གི་གཏན་སློབ་དང་བུ་ཁྱིམ་པདྨ་ཚལ་གྱི་སློབ་ཕྲུག་རྣམས་ནས་གཞི་ལུས་བོད་རིགས་སློབ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་བཞིན་ང་ཚོ་བྱེས་འབྱོར་བོད་མིའི་གནས་འཁོད་གང་སར་གཞུང་སྒེར་སློབ་གྲྭ་ཁག་ནས་འདི་ལྟ་བུའི་ལས་འགུལ་ཆབས་སྲིད་དང་འདྲེས་ལྷད་མེད་པའི་ཐོག་སྤེལ་དགོས་པ་ཧ་ཅང་གལ་འགང་ཆེན་པོ་མཐོང་།