ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་མོན་གྷོ་གཏན་སློབ་དང་བོད་ཁྱིམ་པད་མ་ཚལ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ ༣༥༠ ལྷག་གིས་བོད་ནང་གི་སློབ་ཕྲུག་ཚོའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་ལངས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བྱང་བུ་འདྲ་མིན་ཐོག་བོད་རྒྱ་དབྱིན་གསུམ་གྱི་འབོད་ཚིག་སྣ་ཚོགས་བྲིས་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ལས་འགུལ་དེའི་ཐོག་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་དང་སློབ་དགེ་ཀླུ་སྒྲུབ་བསྟན་དར། ས་གནས་གྲོས་ཚོགས་ཚོགས་གཙོ་སོགས་ཆེད་ཕེབས་ཀྱིས། ཕྱི་རོལ་བཙན་བྱོལ་བོད་མི་ཚོས་བོད་ནང་དུ་རྒྱའི་བཙན་འོག་ཏུ་གནས་བའི་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཐུན་སྒྲིལ་མཚོན་ཆེད་ལས་འགུལ་འདི་དང་འདི་ལྟ་བུ་ཤུགས་ཆེན་སྤེལ་དགོས་པ་དང་། བོད་སྐད་བོད་ཡིག་སྲུང་སྐྱོབ་དེ་ཆོས་ལུགས་དང་ཆོལ་ཁ། བོད་ཕྱི་དང་ནང་། རྒྱལ་ཁབ་གཞུང་དང་མི་དམངས་མང་ཚོགས་སོགས་ལ་དབྱེ་བ་མེད་པར་སྨྲ་བརྗོད་ལོངས་སྤྱོད་ཀྱི་ཐོབ་ཐང་ཞིག་ཡིན་ལ། འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པར་བོད་པ་མི་རེ་ངོ་རེར་སྲུང་སྐྱོབ་དང་དར་སྤེལ་གྱི་འགན་འཁྲུ་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད།
དེ་བཞིན་སློབ་ཕྲུག་གི་སྐུ་ཚབ་ཀྱིས་ཀྱང་། བོད་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོས་རྒྱ་གཞུང་ལ་དགོས་འདུན་གྱི་ངོ་རྒོལ་བྱེད་ཀྱིན་ཡོད་པར་ང་ཚོ་བོད་བྱེས་སུ་གནས་བའི་སློབ་ཕྲུག་ཚོས་སེམས་གཏིང་ནས་ཡི་རིངས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། གཞིས་བཞུགས་སློབ་མ་ཚོ་རྒྱའི་གདུག་རྩུབ་ཆེ་བའི་ཁྲིམས་འོག་ན་འཚོ་བཞིན་དུ། ས་གནས་མང་པོར་སྔ་རྗེས་སུ་འོས་ལངས་བྱས་པ་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་བྱ་བཞག་ཅིག་རེད། རྒྱ་གཞུང་གིས་བོད་པའི་སྐད་ཡིག་རིག་གནས་བཀག་སྡོམ་བྱས་ཏེ། བོད་མི་རིགས་རྩ་མེད་ཀྱི་སྔོན་འགྲོ་སྒྲུབ་བཞིན་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ང་ཚོས་བོད་ནང་གི་སློབ་ཕྲུག་ཚོར་རམ་འདེགས་ཐུབ་པ་ནི། ཕྱི་ལོགས་ནས་བོད་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་། སྔར་ལས་ལྷག་པར་བོད་ཡིག་བོད་སྐད་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག་རྒྱུ་དེ་རེད། ཅེས་བརྗོད་ཡོད་འདུག