སློབ་གསོ་ཐིན་ལ་སྙན་ཞུ།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་ལས་བྱེད་རྒན་པ་དང་། རྒན་ཡོལ་དུ་བཞུགས་ཡོད་པ་བཅས་མི་སྣ་ ༣༠༠ ལྷག་གིས་མཉམ་སྒྲིལ་ཐོག མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ལ་༼མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་ཡིག་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་གནད་དོན་ཐད་ཀྱི་བསམ་འཆར༽ཞེས་པའི་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཡི་གེ་ཞིག་ཕུལ་ཡོད་པ་མ་ཟད་། སྙན་ཞུ་དེ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་རྒྱལ་ཁབ་སློབ་གསོ་ལྷན་ཁང་། རྒྱ་ནག་དམངས་ཆེན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་མང་པོ་ཞིག་ཏུ་ཕུལ་ཡོད་འདུག

ཞུ་ཡིག་དེའི་ནང་།  ང་ཚོ་ནི་མཚོ་སྔོན་བོད་ཁུལ་གྱི་འཛུགས་སྐྲུན་དང་བཅོས་བསྒྱུར། འཕེལ་རྒྱས་ཀྱི་ལོ་རྒྱུས་དངོས་སུ་བདེན་དཔང་བྱེད་མཁན་དང་ལས་དོན་ནང་མཉམ་ཞུགས་གནང་མཁན་ཡིན་ལ། ང་ཚོས་བསམ་བློ་ཞིབ་མོ་བཏང་སྟེ་བོད་ཁུལ་གྱི་གཏན་ལྷིང་དང་འདྲ་མཉམ་གོང་སྤེལ། མཐུན་སྒྲིལ་དང་ཕན་ཚུན་རོགས་རམ། མི་རིགས་འབྲེལ་ལམ་འཆམ་མཐུན་བཅས་ལ་གཞོལ་དུ་མེད་པའི་འགན་ཆེན་པོ་ཡོད་སྟབས་འབོད་སྐུལ་འདི་ཞུ་བཞིན་ཡོད། ཉེ་ཆར་༼ སྤྱི་ལོ་ ༢༠༡༠༢༠༢༠ བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད ༽ ནང་བོད་རྒྱའི་སྐད་ཡིག་གི་གཙོ་ཕལ་དབྱེ་འབྱེད་ཀྱིས། སློབ་ཁྲིད་བེད་སྤྱོད་སྐད་ཡིག་མ་ལག་ཐད་བཅོས་བསྒྱུར་ཆེན་པོ་གཏོང་རྩིས་ཡོད་པ་དང་། དེའི་ཐོག་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་ས་གནས་ཁ་ཤས་ནས་ཡིག་ཆ་དེ་བློ་ཐག་རྦད་ཆོད་དང་མགྱོགས་མྱུར་ལག་བསྟར་དགོས་པའི་བཙན་བཀའ་བཏང་ཡོད་པར་བརྟེན། ས་ཁུལ་ཁག་ཅིག་གི་སློབ་མ་དང་ཁྱིམ་བདག་གིས་མི་དགའ་བའི་རྣམ་འགྱུར་བསྟན་དེ། ཕྱི་ཚེས་ ༡༩ ཚུན་དུ་རྨ་ལྷོ་དང་མཚོ་ལྷོ་། མགོ་ལོག མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་བཞིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྔམ་སྟོན་ཁྲོམ་སྐོར་དང་། ཡང་ན་སློབ་གྲྭའི་ནང་འཛོམས་ནས་རྣམ་པ་མི་འདྲ་བའི་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་མ་ཟད། གནས་སྟངས་འདི་ད་དུང་སློབ་གྲྭ་འབྲིང་ཆུང་ཙམ་མ་ཡིན་པར་ས་ཁུལ་གཞན་དག་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱི་དང་རྒྱལ་ནང་དུ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་སྟབས། ང་ཚོའི་ངོས་ནས་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་བཟུང་དྲང་ལྡོག་ཕྱོགས་ཀྱི་ཉམས་མྱོང་བསླབ་བྱར་བསམ་ཞིབ་ཀྱིས་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་ཕན་ཚུན་བརྩི་བཀུར་དང་སློབ་སྦྱོང་། སྐད་ཡིག་བེད་སྤྱོད་ཀྱིས་སྔར་ལས་ལྷག་པར་མི་རིགས་བར་གྱི་འབྲེལ་ལམ་ལེགས་པོ་གཏིང་ཟབ་ཏུ་གཏོང་རྒྱུ་དང་༼ མི་རིགས་རང་སྐྱོང་བཅའ་ཁྲིམས་༽དང་༼རྒྱལ་ཁབ་ཀྱི་རྩ་ཁྲིམས༽་ལ་བརྩི་འཇོག་བྱ་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་བ་ནི། སྐད་རིགས་མང་པོའི་རིག་གནས་འཆམ་མཐུན་མཉམ་གནས་དང་། འགྲོ་བ་མིའི་རིགས་ཀྱི་རྒྱུན་མཐུད་ཀྱི་དགོས་མཁོ་ཡིན་པས་དེར་གུས་བརྩི་དང་གཙིགས་ཆེན་གནང་རོགས། ཞེས་དང་།

ཐེངས་འདིའི་སྙན་ཞུ་འདིར་ཤོག་ངོས་དགུ་ཡོད་པ་དང་། མཇུག་ཏུ་ཁོང་ཚོས་སློབ་གསོ་དང་མི་རིགས་ལས་དོན་གྱི་སྡེ་ཚན་མ་ཡིན་པས་འབྲེལ་ཡོད་དམངས་ཁྲོད་ཀྱི་ཚོགས་པས་སྣེ་ཁྲིད་དེ། སྐད་གཉིས་སློབ་གསོའི་གནད་དོན་ཐད་གཏིང་ཟབ་ཀྱི་རྟོག་ཞིབ་དང་ཞིབ་འཇུག་བགྲོ་གླེང་གྲོས་བསྡུར་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ནས་། སྤྱི་ཚོགས་གཏན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། བོད་ཀྱི་སྐད་ཡིག་གི་གནད་དོན་འདི་མི་རིགས་འབྲེལ་ལམ་དང་རྒྱལ་ཁབ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་དུ་མི་འགྲོ་བའི་འབོད་སྐུལ་ཤུགས་ཆེན་ཞུ་གི་ཡོདཅེས་བརྗོད་ཡོད་འདུག

གསར་འགོད་པདོན་གོ  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “སློབ་གསོ་ཐིན་ལ་སྙན་ཞུ།