ཀརྨ་པ་དགུ་བརྒྱའི་དུས་དྲན་དང་བཀའ་བརྒྱུད་སྨོན་ལམ་ཆེན་མོ།

ཀརྨ་པ་དགུ་བརྒྱའི་དུས་དྲན་དང་བཀའ་བརྒྱུད་སྨོན་ལམ་ཆེན་མོ།

སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པ་དམ་པའི་སྐྱེས་བུ་རྣམས་ཀྱི་མཛད་པ་དམིགས་བསལ་ཅན་དག་རྗེས་འཇུག་སོ་སོའི་ནུས་ཚོད་ལ་དཔག་པའི་རྗེས་དྲན་རྒྱས་བསྡུས་ཅི་རིགས་པ་རྒྱུན་མར་བྱེད་ཀྱིན་ཡོད་པ་ལས། ད་ལོར་ནི། རྒྱལ་བ་སྲས་དང་བཅས་པའི་འཕྲིན་ལས་ཀྱི་ངོ་བོ། བསྟན་འགྲོའི་དོན་དུ་མིའི་གཟུགས་སུ་བསྟན་པ། ༧རྒྱལ་དབང་ཀརྨ་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་རྒྱན། གང་དེའི་སྐུ་ཕྲེང་ན་རིམ་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ། གངས་ཅན་བོད་ཀྱི་ཡུལ་དུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་བརྒྱ་ཕྲག་དགུ་ཟིན་ཅིང་། བསྟན་པ་དར་རྒྱས་གནས་པ་དང་། འགྲོ་ལ་བདེ་སྐྱིད་འབྱུང་བ། ཉམས་རྟོགས་ཡོན་ཏན་སྐྱེ་བ། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་རྗེས་སུ་དྲན་པས་མཆོད་པ་ལས་ལྷག་པ་མེད་པའི་ཕྱིར་ན། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་འཛམ་གླིང་གི་ས་གནས་གང་སར། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ལས་རིམ་སྔ་རྗེས་སུ་སྤེལ་འཆར་ཡོད་པའི་དང་པོ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོ་དེ། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོ། དབུ་འབྱེད་མཛད་སྒོ་དངོས་དང་། ཕྱི་དྲོ། ༧དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་མཆོད། ཚེས་ ༩ ཉིན་གྱི་སྔ་དྲོ། བསངས་གསོལ་དང་། ཕྱི་དྲོ། མགོན་པོའི་ཚོགས་འབུམ་སྟེ་ཉིན་གཉིས་རིང་བསྐྱང་གཏན་འཁེལ་ཞིང་། དེ་དང་མུ་འབྲེལ་གྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ ནས་ ༡༣ བར་ཉིན་བཞི་རིང་། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གིས་དད་འདུས་སེར་སྐྱ་ཡོངས་ལ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཁྲིད་དང་གུ་རུའི་བཀའ་དབང་བསྩལ་རྒྱུ། ཕྱི་ཟླ་ ༡༢ ཚེས་ ༡༥ ནས་ ཚེས་ ༢༢ བར་ཉིན་བརྒྱད་རིང་། བཀའ་བརྒྱུད་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ཉེར་བརྒྱད་པ་སྔར་རྒྱུན་བཞིན་ཚོགས་གཏན་འཁེལ་བ་ལགས་ན། ཀཾ་འབྲུག་འབྲི་སྟག་སོགས་རིས་མེད་པའི་སྐྱེ་བོ་ཕེབས་བློ་མཆིས་རིགས་རྣམས་ནས་དེ་ལུགས་དགོངས་མངའ་ཡོད་པ་ཞུ་ཞུ།

 

 

སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༨ ཉིན། ཀརྨ་པ་དགུ་བརྒྱའི་དུས་དྲན་ཚོགས་ཆུང་དང་བཀའ་བརྒྱུད་སྨོན་ལམ་གོ་སྒྲིགས་ཚན་པ་ནས།

[email protected]

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply