ཕྱི་ཚེས་ ༢༦ ཉིན། ཡུ་རོབ་བྷེལ་ཇམ་དུ་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཡུ་རོབ་བྷེལ་ཇམ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་བྱིས་པ་ཆུང་ཆུང་ལོ་བཅུ་གྲངས་ཅན་ ༣༠ ལྷག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ནང་གི་སློབ་ཕྲུག་ཚོའི་ཞི་བའི་ངོ་རྒོལ་སྐབས་ཀྱི་འབོད་ཚིག་གི་ཤོག་བྱང་དང་པར་རིས་སོགས་ཁྱེར་ཏེ་ཡུ་རོབ་གྲོས་ཚོགས་ཀྱི་མདུན་ཐང་དུ་བསྐྱོད་ཅིང་། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ཨཱན་ཅི་ལི་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐའོ་མོ་མན་རྣམ་གཉིས་གདན་ཞུས་ཐོག བོད་པའི་སློབ་ཕྲུག་གི་འཐུས་མིས། ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དེ་ཧ་ཅང་ཕུན་སུམ་ཚོགས་པོ་ཞིག་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་བརླག་གཏོང་རྒྱུའི་སློབ་གསོའི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་པ་དེས། ད་ཆར་བོད་ནང་གི་སྤུན་ཟླ་སློབ་གྲོགས་ཚོར་རང་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་ཤིན་ཏུ་ཆེན་པོ་འཕྲད་ཡོད། དེར་བརྟེན། ཡུ་རོབ་གྲོས་ཚོགས་ཀྱིས་གང་མགྱོགས་ནུས་པ་དང་ལྡན་པའི་རྒྱབ་སྐྱོར་ཁ་ཡོད་ལག་ཡོད་ཅིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་རེ་འདུན་སྒྲོག་འདོན་གནང་ཡོད་ལ། དེ་བཞིན། ཡུ་རོབ་གྱི་ཡུལ་གྲུ་ཨོ་སི་ཊི་ལི་ཡ་དང་ཧོ་ལན་ཌི། བྷེལ་ཇམ། ཧཱང་གྷ་རི། ཧྥ་རན་སི། ཨི་ཊ་ལི། སི་པན། སུད་སི་བཅས་ཀྱི་བོད་རིག་བྱིས་པ་ ༣༠༠ ལྷག་གིས་མཚན་རྟགས་བསྡུ་རུབ་བྱས་ཏེ། ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་ཕུལ་ཡོད་འདུག