ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ཙམ་ལ་ཡུ་རོབ་ཧོ་ལན་ཌིའི་རྒྱལ་ས་རྙིང་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ། བོད་རིགས་གཞོན་སྐྱེས་བསྟན་འཛིན་མཐར་ཕྱིན་གྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་། དེར་ཡོད་བདེ་སྲུང་དམག་མིའི་མྱུར་སྐྱོབ་བྱས་ཏེ་མཐར་སྲོག་གི་ཉེན་ལས་ཐར་ཡོད་འདུག
སློབ་བུ་བསྟན་འཛིན་མཐར་ཕྱིན་གྱི་རང་ལུས་མེར་བསྲེག་གི་ལས་འགུལ་དེའི་ཐད། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསྟན་འཛིན་མཐར་ཕྱིན་གྱི་གཉེན་ཉེ་བསོད་ནམས་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། གནས་ཚུལ་དེ་འདྲ་ཞིག་བྱུང་བ་བདེན་པ་རེད། འོན་ཀྱང་སྐབས་དེར་ང་ཁོང་ཚོ་དང་མཉམ་དུ་མེད། ཁོའི་ཨ་མ་དང་སྤུན་མཆེད་གཉིས་ཀྱིས་ང་ལ་གསང་བ་བྱས་སོང་། ཡིན་ནའང་། ཕྱིས་སུ་ཁོང་གི་ཨ་མས་ཁ་པར་ནང་ནས་ང་ལ་ལབ་པ་ལྟར་ན། བསྟན་འཛིན་མཐར་ཕྱིན་གྱིས་སྔོན་མ་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཟེར་ནས་ཐེངས་མང་ལབ་སོང་། འོན་ཀྱང་ཉན་འཇོག་བྱས་མེད། ཉིན་དེའི་ཞོགས་པ་སློབ་གྲྭར་འགྲོ་ཁར་ང་ལ་དངུལ་ཏོག་ཙམ་དགོས་ཀྱི་འདུག་ཟེར་ནས་ཡུ་སྒོར་ ༡༣༠ ཙམ་ཁྱེར་ནས་ཕྱིན་སོང་། རྗེས་སུ་ཁོས་གྲོགས་པོ་ཞིག་ལ་ཁ་པར་བཏང་སྟེ། ཨ་མ་དང་སྤུན་མཆེད་གཉིས་ལ་ཡི་གེ་ཞིག་བཞག་ཡོད་ཅེས་ལབ་འདུག ཡི་གེ་དེའི་ནང་། ཚེ་འདིར་ཨ་མར་དྲིན་ལན་མཇལ་ཐུབ་མེད་ཀྱང་སྐྱེས་བ་ཕྱི་མར་དྲིན་ལན་མཇལ་བའི་རེ་བ་ཡོད་ཚུལ་དང་། སྤུན་མཆེད་ཀྱིས་མ་འོངས་པར་ཨ་མར་ལྟ་རྟོགས་ཡག་པོ་བྱ་དགོས་པའི་ཁ་འཆེམས་ཤིག་བྲིས་འདུག་ཟེར། ཞེས་བརྗོད་བྱུང་།
བསོད་ནམས་བཀྲ་ཤིས་ཀྱིས་མུ་མཐུད་དུ་བསྟན་འཛིན་མཐར་ཕྱིན་གྱི་ཨ་མའི་ཁོ་ལ་གང་བཤད་པ་དག་བརྗོད་དོན། ཁོང་ཉིན་དེའི་ཕྱི་དྲོ་དུས་ལྟར་ནང་ལ་སླེབས་མ་སོང་སྟབས། ཉེན་རྟོག་པར་ལབ་སྟེ་བརྩད་གཅོད་བྱས་པ་ཡིན། རྗེས་སུ་ཁོ་ཧོ་ལན་ཌིའི་རྒྱལ་ས་རྙིང་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་པ་ཤེས་སོང་། ཉིན་དེར་གཟའ་སྤེན་པར་འཁེལ་ཡོད་སྟབས། ཁོང་གཞུང་ཚབ་ཀྱི་མདུན་ཐང་དུ་སླེབས་སྐབས་མི་མང་པོ་མི་འདུག་ཟེར། ཡིན་ནའང་རྒྱ་གར་གྱི་བུད་མེད་ཅིག་གིས་ཁོ་ལ་ཅེར་ནས་ཡུན་རིང་བསྡད་སྟབས། དུས་ཚོད་གང་འཚམ་ཞིག་ལ་ཁོས་སོ་སོའི་སྟེང་སྣུམ་ལྡུག་ཐུབ་མི་འདུག་ལ། ཕྱིས་སུ་ཁོས་སྣུམ་རང་སྟེང་དུ་བླུགས་ཏེ་མེ་སྦར་བ་དང་སྐར་མ་ལྔ་དྲུག་ཅིག་གི་རྗེས་སུ་དམག་མི་བསླེབས་ཏེ་ཁོ་ཁྲིད་ཡོད་འདུག ཉིན་གཉིས་རིང་བཀག་ཉར་བྱས་རྗེས་གཞི་ནས་སྨན་ཁང་དུ་བཏང་འདུག་ལ། ད་ཆར་ཕྱིར་ནང་དུ་ལོག་སྟེ་རྨས་སྐྱོན་ཡང་དྲག་སྐྱེད་བྱུང་འདུག ཅེས་བརྗོད་བྱུང་།
ཡང་ཁོང་ལ་བསྟན་འཛིན་མཐར་ཕྱིན་ནི་ལོ་ ༡༨ ཡིན་སྟབས། འདི་འདྲའི་བྱིས་པ་ཆུང་ཆུང་ཞིག་གིས་ཛ་དྲག་གི་ལས་དོན་དེ་འདྲ་ཞིག་བརྩམས་དོན་གང་ཡིན་སྐོར་དྲིས་པར་ཁོས། བསྟན་འཛིན་མཐར་ཕྱིན་ལ་མཚོན་ན། སྐྱེས་ས་བོད་ཡིན་ཡང་སློབ་སྦྱོང་བྱེད་ས་གཙོ་བོ་བོད་ཁྱིམ་ཡིན། སྐབས་དེར་༸གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་བོད་ཀྱི་མ་འོངས་པའི་སྲོག་རྩ་དང་རྒྱུད་འཛིན་པ་བོད་རིགས་གཞོན་སྐྱེས་ཚོ་ཡིན་པའི་བཀའ་སློབ་ཡང་ཡང་གནང་བ་དང་། དགེ་རྒན་ཚོས་རྟག་པར་རྡོག་རྩ་ཆིག་སྒྲིལ་གྱིས་བོད་པའི་རྩ་དོན་ལ་ལས་འགུལ་སྤེལ་དགོས་པའི་སློབ་གསོ་བཏང་བ་བཅས་ཀྱིས་ཡིན་རྒྱུ་རེད། ཅེས་བརྗོད་བྱུང་།
རང་ལོ་ ༡༨ ཡིན་པའི་བསྟན་འཛིན་མཐར་ཕྱིན་ནི། ཁམས་རྫ་ཆུ་ཁ་བ་ཁྲོམ་བཟའ་འགབ་མ་ནས་ཡིན་འདུག་ལ། ཁོ་ཨ་མ་དང་མཉམ་དུ་བཙན་བྱོལ་དུ་འབྱོར་རྗེས་འཛིན་རིམ་བརྒྱད་པའི་བར་བོད་ཁྱིམ་སློབ་གྲྭར་བསྡད་ཅིང་། ༢༠༠༩ ལོར་ཡུ་རོབ་ཧོ་ལན་ཌིའི་ནང་ཕྱིན་ཡོད་འདུག
གསར་འགོད་པ། དོན་གོ