བོད་ནས་བཞུར་ཡོང་བའི་ཆུ་དང་དེའི་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་དེ་དག་རྒྱ་གར་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོར་བོད་ཀྱི་སྣོད་བཅུད་ཐོག་སེམས་ཁུར་ཡོད་སྐོར་གསལ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད། གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། ཅེས་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཌེ་ཝ་ནི་མཆོག་ལ་གསུངས་ཡོད།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་ཆེན་ཐེངས་དྲུག་པ་དེ། ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་ཧ་རི་ཡ་ན་མངའ་སྡེ་ནང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ཟུར་པ་ལི་ཁུ་རི་ཤི་ན་ཨིག་ཝ་ཎི་ Lal Krishna Advani གཉིས་ཕེབས་ཡོད་པ་མ་ཟད། གཞན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཨེ་ཇི་སིན་མིན་ཁོ་ཊི་ཡ་ Vijay Singh Mankotia དང་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཅས་ཀྱང་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱལ་ཁབ་ཁག ༥༧ ནས་ཚོགས་ཞུགས་པ་ ༢༥༠ ཙམ་ཞུགས་ཡོད་ཡོད་ཅིང་། ཚོགས་འདུའི་ལེ་ཚན་ཁག་ཅིག་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་བརྒྱུད་ཐད་གཏོང་ཞུ་བཞིན་ཡོད།
ཚོགས་འདུ་དབུ་འཛུགས་ཐོག་༧གོང་ས་མཆོག་གིས་བཀའ་གནང་དོན། ཨ་ཌེ་ཝ་ནི་མཆོག་དང་གཅེན་གཅུང་རྣམས་ལ་ཞུ་རྒྱུ་ཞིག་ལ། ངོས་རང་དེ་རིང་འདིར་ཡོང་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་རྒྱུན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འདུ་འཛོམས་སྐབས། ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་བོད་པའི་དཀའ་ངལ་གྱི་ཆ་ཤས་ཤིག་ཡིན། བོད་པའི་དཀའ་ངལ་ལ་རྣམ་པ་གཞན་ཞིག་ཡོད་པ་ནི་བོད་ཀྱི་ཁོར་ཡུག་དེ་ཡིན། སྣོད་བཅུད་དཔྱད་ཞིབ་པ་མཁས་དབང་དང་རྒྱ་ནག་གི་སྣོད་བཅུད་དཔྱད་ཞིབ་པ་འགས་མཐོ་སྒང་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད། གང་ཡིན་ཞེ་ན། སའི་གོ་ལའི་ཚ་དྲོད་དེས་མཐོ་སྒང་བོད་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་བཞིན་ས་གཞིའི་ལྷོ་བྱང་གི་སྣེ་མོར་ཡང་དེ་ལྟ་བུའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་བོད་དེ་སའི་གོ་ལའི་ཚ་དྲོད་དང་འབྲེལ་བ་ཆེན་པོ་ཆགས་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་དུ་བཀའ་གནང་དོན། ཆུ་ཆེན་ཁག་གིས་མི་རིགས་དུང་ཕྱུར་མང་པོ་འཚོ་གནས་བྱེད་བཞིན་ཡོད་པ་དེ་དག་གི་འབྱུང་ཁུངས་བོད་མཐོ་སྒང་གི་འཁྱགས་རོམ་དང་མཐའ་ཁོར་གྱི་གངས་རི། པཱ་ཀི་སི་ཐན། རྒྱ་ནག་བཅས་ནས་ཡིན། དེ་བཞིན་རྒྱ་གར་ནང་རྟ་མཆོག་ཁ་འབབ་དང་ཆུ་ཆེན་ཁག་གི་འབྱུང་ཁུངས་བོད་ཡིན། ཆུ་ཆེན་དེ་ཚོའི་འབྱུང་ཁུངས་རྒྱལ་ཁབ་གཞན་ནས་ཡིན་ན་ཡང་། དེ་དག་རྒྱ་གར་གྱི་མི་མང་ས༌ཡ་མང་པོས་བེད་སྤྱོད་བྱེད་ཀྱིན་ཡོད། བོད་ནས་བཞུར་ཡོང་བའི་ཆུ་དང་དེའི་མཚོན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་དེ་དག་རྒྱ་གར་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོར་བོད་ཀྱི་སྣོད་བཅུད་ཐོག་སེམས་ཁུར་ཡོད་སྐོར་གསལ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད། གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། ཅེས་གསུངས།
སྟབས་ལེགས་པ་ཞིག་ལ་ཀྲུའུ་རུང་ཆིང་ནས་བཟུང་གཞི་ནས་ཁོང་ཚོས་ཤིང་ནགས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད། དེ་སྔོན་ཁོང་ཚོར་སྣོད་བཅུད་ཀྱི་ཐོག་གོ་རྟོགས་གང་ཡང་མེད། ཀྲུའུ་རུང་ཆིང་གི་དུས་སུ་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་ལམ་སྟོན་བྱས་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་ལམ་སྟོན་དེ་དག་ལག་བསྟར་བྱས་མེད། ཉེ་ཆར་བོད་ཨ་མདོ་མགོ་ལོག་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཕོག་སྐབས། རྒྱ་མི་ཁ་ཤས་ཀྱིས་ཆུ་ལོག་དེ་རང་བྱུང་གི་རྐྱེན་ངན་ཞིག་མིན་པར། མིས་བཟོས་པའི་རྐྱེན་ངན་ཞིག་ཡིན་སྐོར་དཔྱད་གཏམ་བྲིས་ཡོད། དེ་སྔ་ས་གནས་དེར་ཤིང་ནགས་མཐུག་པོ་ཡོད་ཀྱང་ལོ་བཅུ་ཕྲག་ཁ་ཤས་ནང་ཤིང་ནགས་དེ་དག་ཤུལ་མེད་བཟོས་ཟིན་པར་བརྟེན། རྒྱ་ནག་གི་མཁས་དབང་འགས་རྐྱེན་ངན་དེ་མིས་བཟོས་པ་ཞིག་རེད་ཅེས་བྲིས་ཡོད། བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་བྱ་རྒྱུ་དེ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ས་ཡ་མང་པོར་གལ་ཆེན་པོ་ཆགས་ཡོད།
གསར་འགོད་པ། དཔལ་ལྡན།