ཡུ་སྒོར་དུང་ཕྱུར་ ༢༠༠ ཡི་ཚོང་འབྲེལ།

 

ཉིན་འདི་འགར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིའི་ནང་། ཉིན་གསུམ་རིང་གི་རྒྱལ་དོན་གཟིགས་སྐོར་དུ་སྐྱོད་བཞིན་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་ཧུའུ་ཅིན་ཐོ་སོགས་ནམ་ཐང་དུ་བསླེབས་མ་ཐག ཧྥ་རན་སིའི་སྲིད་འཛིན་སར་ཁོ་སི་ Sarkozy དང་ཁོང་གི་སྐུ་ལྕམ་གཉིས་གཙོས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་ཕེབས་བསུ་གཟབ་རྒྱས་བྱས་ཡོད། སྐབས་དེར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་ཧྥ་རན་སིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གི་བཀག་ཉར་འོག་ཡོད་པའི་སྐུ་ཞབས་ལིག་ཞོ་པོ་ཀློད་གྲོལ་གཏོང་དགོས་པའི་འབོད་ཚིག་འོག་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་དང་། ཉིན་རྒྱབ་བོད་རིགས་མི་གྲངས་ ༢༠༠ ལྷག་གིས་ཐེངས་འདིར་སྲིད་འཛིན་སར་ཁོ་སིས་བོད་ནང་གི་དཀའ་ངལ་སྐོར་སྲིད་འཛིན་ཧུའུ་དང་གླེང་མོལ་བྱ་དགོས་པའི་རེ་འདུན་འོག་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག

སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིར་མ་འབྱོར་བའ་ཉིན་འགའི་སྔོན་ལ། ཧྥ་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། གློག་འཕྲིན་བརྒྱུད་སྲིད་འཛིན་སར་ཁོ་སིར་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཞུ་ཡིག་དེའི་ནང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ཕྱི་ཚེས ༤ ཉིན་ཧྥ་རན་སིར་ལྟ་སྐོར་དུ་སྐྱོད་སྐབས། སྲིད་འཛིན་གྱིས་བོད་ཀྱི་གནད་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། རྒྱ་གཞུང་གིས་བོད་མིར་དྲག་གནོན་མཚམས་འཇོག བོད་རྒྱ་འབྲེལ་མུ་མཐུད་མཇུག་སྐྱོང་དགོས་པ། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིག་ཞའོ་པོ་གང་མགྱོགས་གློད་གྲོལ་དགོས་སོགས་བཀོད་འདུག

 

ཐེངས་འདིར་སྲིད་འཛིན་གཉིས་ཀྱི་ཐུག་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡར་སྐུལ་སོགས་མི་དམངས་བྱིངས་ཀྱི་བདེ་སྡུག་དང་འབྲེལ་བའི་ཐོག་གླེང་སློང་གང་ཡང་བྱས་མེད་པ་མ་ཟད། སྲིད་གཞུང་གཉིས་བར་གྱི་མཐོ་རིམ་དཔལ་འབྱོར་ཁེ་ཕན་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བའི་ཐད་ལ་ཡང་གླེང་མོལ་དེ་ཙམ་བྱས་ཡོད་མི་འདུག ཉིན་དང་པོའི་ཚོགས་འདུའི་ཐོག ཧྥ་རན་སི་དང་རྒྱ་ནག་གཉིས་བར་ཡུ་སྒོར་ཐེར་འབུམ་ཆེན་པོ་གཉིས་ ༢༠༠༠༠༠༠༠༠༠༠ ལྷག་གི་ཚོང་དོན་མཉམ་ལས་ཀྱི་གན་རྒྱར་མིང་རྟགས་བཀོད་ཡོད་པ་དང་། རྒྱ་ནག་གིས་ཧྥ་རན་སིའི་ཕྱོགས་ནས་ཨ་སྒོར་ཐེར་འབུམ་ ༡༤ ཙམ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་དང་དམངས་སྤྱོད་ལ་མཁོ་བའི་རྡུལ་ཕྲན་གྱི་ནུས་པ། དེ་བཞིནཁོར་ཡུག་སྲུང་སྐྱོབ་ཐུབ་པའི་སོལ་རླངས་སོགས་ཉོ་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

ཧྥ་རན་སི་ནི་རྒྱ་ནག་གི་ཚོང་རོགས་ཡག་ཤོས་ཤིག་དང་ཚོང་ལས་མ་རྩ་ཆེན་པོ་འཇོག་མཁན་གྱི་གྲས་ཤིག་ཆགས་ཡོད་སྟབས། སྲིད་འཛིན་སར་ཁོ་སིས་མི་འགྱངས་བར་རྒྱ་ནག་གི་སྒོར་མོའི་འཛའ་ཐང་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐབས་སྲིད་འཛིན་སར་ཁོ་སིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་གཞུང་འབྲེལ་མཇལ་འཕྲད་གནང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ཅིང་། གནས་སྟངས་དེའི་རྐྱེན་པས་རྒྱ་ནག་གིས་ཡུ་རོབ་ཀྱི་ཚོགས་འདུ་ཁག་ཅིག་ལ་འཛུལ་ཞིག་བྱས་མེད་པ་མ་ཟད་ཚོང་དོན་ཁག་ཅིག་ཀྱང་ཕྱིར་འཐེན་བྱས་ཡོད།

སར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

7 thoughts on “ཡུ་སྒོར་དུང་ཕྱུར་ ༢༠༠ ཡི་ཚོང་འབྲེལ།

  1. རྡོ་རྗེ་ཚེ་རིང་།

    ཆབ་སྲིད་ཉོག་རྒྱུ་མིན་འདུག ཁོང་ཚོའི་ཚོང་འབྲེལ་ཀྱི་ཕྱིར་ཡིན་འདུག
    འོན་ཀྱང་སྲིད་འཛིན་ལ་ལྕམ་མཛེས་མ་ཞིག་འདུག 

  2. སྟོང་བཙན་མགར་བུ།

    ཧུའུ་ཅིན་ཐོ་གཙོས་རྒྱ་མིའི་དཔོན་རིགས་སུ་ཡིན་ཀྱང་རྒྱལ་ཁབ་དེའི་གཞུང་འབྲེལ་གྱི་ཆེ་མཐོའི་མི་སྣ་ཚང་མས་སྣེ་ལེན་གཟབ་རྒྱས་བྱས་ཀྱི་ཡོད་པ་ནི། རྒྱལ་ཁབ་གང་དེའི་དཔལ་འབྱོར་ཁེ་ཕན་ལ་རག་ལས་བར་བརྩི་བཞིན་ཡོད་པ་བཞིན། རྒྱ་རིགས་དཔོན་པོ་དག་གང་དུ་སོང་ཡང་སྐད་འབོད་ངོ་རྒོལ་བྱེད་པའང་ང་ཚོ་བོད་པ་
    ཚོས་ཀྱང་སྐབས་བབས་ཀྱི་གནས་བབས་ལ་མི་ལྟ་བར་ངོ་རྒོལ་སྐད་འབོད་བྱེད་ཀྱི་
    ཡོད་པ་ནི་ང་ཚོ་ཕྱི་སྡོད་བོད་པ་ཚང་མ་ཡི་སྲོལ་ལྟ་བུར་ཆགས་ཡོད། གང་ལྟར་བོད་དོན་ནི་བོད་པར་རག་ལས་བར་བདེན་པར་འཁུམས་ཀྱང་བོད་ཕྱི་ཡི་སྐད་
    འབོད་ལ་ལས་བོད་ནང་གི་མི་སྲོག་ཁ་ཤས་འཕྲོག་བཞིན་ཡོད་པ་ང་ཚོས་ནམ་ཡང་ཤེས་དགོས་བར་སེམས་་་་་་་་་་་་་་་་་་་་་་་་་་་

  3. དྲང་སྲོང་།

    གསར་འགོད་པ་ལགས། འདིར་ཁྱེད་ཀྱི་ཁ་བྱང་འདི་ནི་ཧ་ཅིང་ངོ་མཚར་བ་ཞིག་རེད། ཡུ་སྒོར་
    དུང་ཕྱིར་
    ཡུ་སྒོར་དུང་ཕྱིར་ ༢༠༠ ཡི་ཚོང་འབྲེལ།
    འདི་ལ་གོ་རྒྱུ་ཅི་ཡང་མི་འདུག