ཕྱི་སྲིད་བློན་ཆེན་ལྷན་ཚོགས།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་དང་རྒྱ་ནག ར་ཤི་ཡ་གསུམ་གྱི་ཕྱི་སྲིད་བློན་ཆེན་ཁག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལྷན་འཛོམས་བྱས་ཡོད་པ་དང་། ཉིན་གཉིས་རིང་གི་ལྷན་ཚོགས་དེའི་སྟེང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ལ་སྔར་ལས་ལྷག་པའི་དམངས་གཙོ་རང་བཞིན་གྱི་བཅོས་སྒྱུར་དང་རྒྱལ་ཁབ་ཁག་གི་སྐུ་ཚབ་ཇེ་མང་དང་ཚགས་ཚུད་ཡོང་བ་བྱས་ཏེ། དེང་གི་རྒྱལ་སྤྱིའི་དཀའ་རྙོག་རིགས་ལ་སྔར་ལས་ལྷག་པའི་ནུས་ཤུགས་འདོ་ཐུབ་པ་བྱ་དགོས་ཚུལ་བཀོད་འདུག དེ་བཞིན། རྒྱ་ནག་དང་ར་ཤི་ཡའི་སྐུ་ཚབ་གཉིས་ཀྱིས་ད་སྔ་རྒྱ་གར་གྱིས་རྒྱལ་སྤྱིའི་ཐོག་ནུས་བ་ཆེན་པོ་བཏོན་ཡོད་པར་བསྔགས་བརྗོད་དང་། ཐེངས་རྗེས་མའི་རྒྱལ་ཚོགས་གཏན་འཇགས་ལྷན་ཚོགས་གྱི་རྒྱུན་ལས་འོས་འདེམས་སྐབསརྒྱ་གར་གྱིས་ཆ་ཤས་ལེན་རྒྱུར་དགའ་བསུ་ཡོད་ལུགས་ཀྱང་བརྗོད་ཡོད་འདུག

ཐེངས་འདིེར་རྒྱལ་ཁབ་གསུམ་མཉམ་འབྲེལ་ཐོག་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ་དང་། འབྱུང་འགྱུར་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་པའི་རྒྱལ་ཁབ་ཁག་གིས་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུའི་རྩ་ཁྲིམས་ལག་བསྟར་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས་ལ་གྲོས་མཐུན་བྱུང་ཡོད་པ་མ་ཟད། ཨབ་གྷ་ནི་སི་ཐན་དང་ཨི་རན་སོགས་ཨེ་ཤ་ཡ་ནང་ཁུལ་གྱི་དཀའ་རྙོག་རིགས་དང་། ས་གནས་ཐོན་དངོས་སྲུང་སྐྱོབ། ཞིང་ལས་དང་འཕྲོད་བསྟེན་བཅས་ཀྱི་ཐད་ནུས་པ་འདོན་རྒྱུའི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་འདུག

སྔར་རྒྱ་གཞུང་གིས་ཀཤི་མུར་གཙོས་རྒྱ་དཀར་ནག་གི་ས་མཚམས་ཁུལ་ཁག་ཅིག་ལ་བདག་དབང་བཙན་འཛུལ་བྱས་པའི་གནས་ཚུལ་དང་འབྲེལ་པའི་སྐོར་ལ། རྒྱ་གར་ཕྱི་སྲིད་བློན་ཆེན་དང་རྒྱ་ནག་ཕྱི་སྲིད་བློན་ཆེན་གཉིས་ཟུར་དུ་ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེར་རྒྱ་གར་ཕྱི་སྲིད་བློན་ཆེན་ཁུ་རི་ཤི་ནཱ་ཡིས། བོད་རང་སྐྱོང་ལྗོངས་དང་ཐེ་ཝན་གཉིས་ཀྱི་གནད་དོན་ལ་རྒྱ་གར་གཞུང་ངོས་ནས་སེམས་ཁུར་ཇི་འདྲ་བྱེད་ཀྱིན་ཡོད་པ་དེ་ལྟར་དུ་རྒྱ་ནག་གཞུང་གིས་ཀྱང་བློ་རྒྱ་ཆེན་པོས་ཀཤི་མུར་གྱི་གནད་དོན་ཐོག་རྒྱ་གར་གཞུང་ལ་སེམས་ཚོར་ག་འདྲ་ཡོད་པར་བསམ་གཞིགས་བྱ་དགོས། ཞེས་བརྗོད་འདུག རྒྱ་ནག་ཕྱི་སྲིད་བློན་ཆེན་ཡན་ཇ་ཆི་ཡིས་རྒྱ་གར་ཕྱི་སྲིད་བློན་ཆེན་ལ། ང་ཚོའི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་ཐད་གུ་ཡངས་དང་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ནས་ཕན་ཚུན་གྱི་འཕེལ་རྒྱས་ནི་གོ་སྐབས་ཤིག་ལ་བརྩི་དགོས་པ་ལས་དཀའ་རྙོག་དང་འགྲན་རྩོད་ཅིག་ལ་ནམ་ཡང་ངོས་འཛིན་བྱ་མི་རུང་། ཞེས་བརྗོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཕྱི་སྲིད་བློན་ཆེན་ལྷན་ཚོགས།

  1. རིག་རྩེ་རྒྱལ།

    དེངསང་འདྲ་པར་རྒྱག་དུས་དགྱ་ནག་གི་མི་བུ་རྣམས་དཀྱིལ་ནས་བསྡད་འདུག
    འདི་ནས་བཟུང་དེ་ལོ་སུམ་ཅུ་རྗེས་ལ་དགྱ་ནག་ནི་དགྱ་ནག་མ་ཡིན་པར་ཞྭ་ནག་སྣང་བཞིན་མགོ་ནག་བོད་པས་བཀུར་དགོ་རྒྱུ་རེད་ཡ།