བོད་ཟས་འགྲེམས་སྟོན།

 

ཕྱི་ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་གྱི་གྲོང་ཁྱེར་བྷིང་ལོར་ཨན་རྡི་ན་གྷར་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟས་རིགས་འགྲེམས་སྟོན་གྱི་མཛད་སྒོར་བོད་པ་དང་། རྒྱ་གར་སོགས་ཀྱི་སྐུ་མགྲོན་ ༢༠ ལྷག་ཕེབས་ཡོད་འདུག ཟས་རིགས་འགྲེམས་སྟོན་དེ་ནི་ས་གནས་བྷིང་ལོར་གྲོང་ཁྱེར་ནང་ཡོད་པའི་བོད་བསམ་ཚོགས་པའི་རམ་རོགས་རམ་འོག བོད་རིགས་ན་གཞོན་ཚེ་རིང་མི་སྒེར་ནས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་སྣ་ ༤༠ ལྷག་བཟོ་སྦྱོར་བྱས་ཏེ་འགྲེམས་སྟོན་བྱས་ཡོད་འདུག

འདིའི་ཐད་སྐུ་ཞབས་ཚེ་རིང་ལགས་ཀྱིས་བརྗོད་དོན། ཐེངས་འདིའི་བོད་ཟས་འགྲེམས་སྟོན་འདི་ཟ་མ་ཁོ་ན་འགྲེམས་སྟོན་ཙམ་མ་ཡིན་པར། བོད་མི་རིགས་ཀྱི་རང་རྐྱ་བའི་ཁྱད་ཆོས་ཤིག་ཀྱང་མཚོན་གྱི་ཡོད། བོད་ནི་རྒྱ་ནག་དང་རྦད་དེ་ཐ་དད་ཡིན་པ་གོམས་གཤིས་དང་ སྐད་ཡིག་སོགས་ཀྱི་སྒོ་ནས་མཚོན་གྱི་ཡོད་པ་ལྟར། ཟས་རིགས་ཀྱི་སྒོ་ནས་ཀྱང་མཚོན་ནུས་པ་ཞིག་ཡིན། བོད་པ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་རོ་བཅུད་ལྡན་པའི་ཟ་མ་བཟོ་སྟངས་ཤིག་ཡོད་པ་རེད། ཡིན་ནའང་དེང་སང་མང་པོ་ཞིག་གིས་བོད་ཀྱི་ཟ་མ་བཟོ་བའི་རིག་པ་དེ་རྒྱ་མིའི་རིག་གཞུང་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེ་ནི་ནོར་འཁྲུལ་རེད། བོད་པར་ཐུན་མོང་མ་ཡིན་པའི་ཟས་རིགས་གཡོ་སྦྱོར་གྱི་ཁྱད་ཆོས་དང་ལག་རྩལ་གནའ་སྔ་མོ་ནས་ཡོད་པ་ཞིག་རེད།

བོད་ཀྱི་ཟས་རིགས་ལ་བརྟེན་ནས་རྒྱ་གར་ཡུལ་མིའི་སྤྱི་ཚོགས་ནང་བོད་པ་ཁྱབ་བསྒྲགས་ཐུབ་ཀྱི་འདུག རྒྱ་གར་ཡུལ་མི་མང་པོ་ཞིག་གིས་བོད་ཀྱི་ཟ་མར་དགའ་བོ་བྱེད་པ་མ་ཟད་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་བོད་ཀྱི་ཟ་མའི་ཁྱད་ཆོས་མང་པོ་བརྗོད་ཀྱིན་འདུག བོད་ཀྱི་ཟས་རིགས་འགྲེམས་སྟོན་འདི་ཡང་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བ་ཆགས་ཀྱི་སྟབས། མུ་མཐུད་རྒྱ་གར་གྱི་གྲོང་ཁྱེར་གཞན་དུའང་ཟས་རིགས་འགྲེམས་སྟོན་གྱི་ལས་འགུལ་སྤེལ་རྩིས་ཡོད་ལ། ང་ཚོས་ལས་གཞི་རྒྱ་ཆེ་རུ་བཏང་སྟེ། མ་འོངས་པར་བོད་ཀྱི་ཟས་རིགས་ངོ་སྤྲོད་ཀྱི་དེབ་ཅིག་ཀྱང་བཟོ་འཆར་ཡོདཅེས་ངོ་སྤྲོད་གནང་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “བོད་ཟས་འགྲེམས་སྟོན།