ཨ་རིའི་གསང་བ་ཕྱི་གྱར་དང་ཨ་རིར་ལྟ་སྟངས་གསར་པ།

 

ཉེ་བའི་དུས་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ་ཨ་རིའི་གཞུང་གི་གསང་བ་ཕྱི་གྱར་གྱི་གནས་ཚུལ་ཞིག་ཐོན་ཏེ། རྒྱལ་ཁབ་ཁག་གི་མཐོ་རིམ་མི་སྣ་དང་ཆབ་སྲིད་དཔྱད་བརྗོད་པ། ཤེས་ཡོན་པའི་དཔུང་སྡེ། དེ་བཞིན་མང་ཚོགས་དཀྱུས་མ་སོགས་ལ་གླེང་ཕྱོགས་གསར་པ་ཞིག་བསྐྲུན་ཡོད་ལ། འདི་དང་འབྲེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཨ་རིའི་བྱེད་ཕྱོགས་ལ་ཡང་དོགས་པ་དང་ལྟ་ཚུལ་སྣ་ཚོགས་ཤིག་བྱུང་ཡོད། དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཁག་ནས་ཨ་རིའི་གཞུང་ལ་བཏང་པའི་ཡིག་ཆ་ཆིག་འབུམ་ལྔ་ཁྲི་ ༡༥༠༠༠༠ ལྷག་ཝི་ཀི་ Wikileaks དྲ་གནས་བརྒྱུད་དེ་གསང་བ་ཕྱིར་ཤོར་ཡོད་པ་དེ་རེད།

ཝི་ཀིའི་གསང་བའི་ཡིག་ཚོགས་ཕྱིར་གྱར་བྱས་པ་དེ་ཨ་རིའི་སྟོབས་ཤུགས་ཕྱི་རུ་ཤོར་བ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མ་འགྲིག་པ་མེད་དེ། གནས་ཚུལ་འདི་བྱུང་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཨ་རིའི་གཞུང་ལ་མངོན་ལྐོག་གཉིས་ཀྱི་སྲིད་ཇུས་ཤིག་ཡོད་པའི་ཐེར་འདོན་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། འདིའི་ཐད་ཨ་རིའི་གཞུང་ཡང་ཁ་སྐྱེངས་ཆགས་ཏེ། འབྲེལ་ཡོད་སྲིད་གཞུང་ཁག་ལ་དགོངས་དག་ཀྱང་ཞུ་དགོས་བྱུང་ཡོད།

གསང་པའི་ཡིག་ཚོགས་དེ་དག་འཛམ་གླིང་རྒྱལ་ཁབ་ཁག་གི་ཨ་རིའི་གཞུང་ཚབ་ཚོས་གློག་འཕྲིན་བརྒྱུད་ཨ་རིའི་གཞུང་ལ་བཏང་འབྱོར་བྱུང་བའི་གསང་འཕྲིན་ཁག་ཅིག་ཡིན་པ་དང་། དེའི་ཁྲོད་ཀྱི་ཡིག་ཆ་གཅིག་ཏུ།  སོ་ངྷི་ཨ་རབ་དང་ཉེ་འཁོར་གྱི་རྒྱལ་ཕྲན་དང་ཚོགས་སྡེ་ཁག་གིས་ཨ་རིར་རྒྱབ་སྟེན་བཅོལ་ཏེ། ཨི་རན་གཞུང་གི་སྲིད་དབང་སྒེར་གཅོད་ལམ་ལུགས་མགོ་རྟིང་སློག་རྒྱུ་དང་། ཨི་རན་ནང་གི་རྡུལ་ཕྲན་ལས་གཞི་ཁག་གཏོར་བཤིག་བཏང་སྟེ་ཁེ་ཕན་མཉམ་སྤྱོད་བྱ་རྒྱུ། གཞན། སྒེར་འཛིན་དཔོན་རིགས་དེ་དག་ལ་འདོད་མོས་མེད་པ་དང་། ཨ་རིའི་གཞུང་གིས་དཔོན་རིགས་དེ་དག་མི་ངན་ཡིན་པ་ཤེས་བཞིན་དུ་རྒྱབ་དཔུང་བྱེད་ཀྱི་ཡོད་པར་ཁོང་ཁྲོ་ཟ་བཞིན་ཡོད་པ་སོགས་བཀོད་ཡོད།  

ཡིག་ཆ་དེར་སོ་ངྷི་ཨ་རབ་ཀྱིས་ཨ་རིའི་གཞུང་ལ་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་རྩ་གཏོར་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད། གནད་དོན་འདིར་ཨ་རིས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི་པ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་ནང་གི་ཋ་ལི་བྷན་འཇིགས་སྐུལ་རིང་ལུགས་པ་དག་གི་རོགས་དངུལ་ཤུགས་ཆེ་ཤོས་ཨ་རབ་ཀྱི་འབྱོར་ལྡན་སྒེར་བ་ཁག་ཅིག་གི་ལག་ནས་ཡོང་གི་ཡོད་པའི་བཤད་ཚུལ་ཡོད། 

 

དེ་བཞིན། གསང་ཡིག་ཅིག་ཏུ་ ༢༠༠༤ ནས་ ༢༠༠༩ བར་གྱི་ཨབ་གྷན་གྱི་སྲིད་འཛིན་གཞོན་པ་ཨཱ་མེ་ཌི་ Ahmed Zia Massoud ཞེས་པས་ཨ་རབ་ཀྱི་གྲོང་ཁྱེར་ངྷོ་བྷ་ཡེ་ནང་དུ་རྒྱལ་པོའི་ཕོ་བྲང་ལྟ་བུའི་སྒེར་གྱི་སྡོད་ཁང་ཆེན་པོ་ཞིག་བརྒྱབ་ཡོད་པར་མ་ཟད། ཡོང་ཁུངས་ཁ་གསལ་མེད་པའི་ཨ་སྒོར་ས་ཡ་ ༥༢ ཙམ་གསོག་ཉར་བྱས་ཡོད་པ་ས་གནས་ཁྲལ་བསྡུ་ལྟ་ཞིབ་པས་ཤེས་རྟོགས་བྱུང་ཡོད་འདུག རྒྱལ་སྤྱིའི་སྟེང་གོང་གི་གནད་དོན་དེ་དག་ནི། ཨ་རིའི་གཞུང་གིས་པ་ཀི་སི་ཐན་དང་ཨབ་གྷན་ཀྱི་དཔོན་རིགས་ཚོར་ལྐོག་རྔན་སྤྲད་དེ་ངོ་གཉིས་མ་བྱེད་འཇུག་གི་ཡོད་པའི་དོགས་པ་ཡོད། རྒྱུ་མཚན་ཨ་རིའི་གཞུང་གིས་བྱེད་ཐབས་འདི་མ་སྤྱད་པ་ཡིན་ན། དཔོན་རིགས་དེ་དག་གིས་སོ་སོའི་རྒྱལ་ཁོངས་ནས་ཨ་རིས་གང་འདོད་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པར་ངོ་རྒོལ་བྱ་ངེས་ཡིན་པས་སོ།

 

གལ་སྲིད་གོང་གསལ་དེ་དག་ཨ་རིའི་བྱེད་སྟངས་དངོས་དང་འབྲེལ་བ་ཡོད་ན། ཨ་རིའི་གཞུང་གི་སྲིད་ཇུས་ལ་མངོན་ལྐོག་གཉིས་ཡོད་པ་ར་འཕྲོད་བྱུང་ཡོད་པར་མ་ཟད། དཀྱིལ་ཤར་ཡུལ་གྲུའི་དཔོན་རིགས་ཁག་ཅིག་ལའང་སྒེར་ཚུགས་མེད་པ་ཡང་གསལ་རྗེན་དུ་བསྟན་ཡོད། དོན་དངོས་ཐོག་ཨ་རིའི་གཞུང་ངོས་ནས་ཀྱང་། དཀྱིལ་ཤར་ཡུལ་གྲུ་ཁག་ནང་གི་རྡོ་སྣུམ་བོར་འདྲེན་བྱེད་པའི་སྲིད་ཇུས་དེ་དྲང་བདེན་མིན་པ་ཤེས་ཡོད་ལ། ཁོ་ཚོར་རམ་འདེགས་བྱེད་མཁན་གྱི་ས་གནས་དཔོན་རིགས་ཚོའི་བྱ་སྤྱོད་ལ་ཡང་ངོས་འཛིན་གསལ་བོ་ཡོད། འོན་ཀྱང་། སོ་སོའི་ནོར་འཁྲུལ་ལ་ཡོ་བསྲང་དང་། གཞན་གྱི་བྱས་ཉེས་ལ་ཐེར་འདོན་མི་བྱེད་པར་མུ་མཐུད་ཉེས་གསོག་གི་ལམ་ཁ་འདིར་འཇུག་བཞིན་པ་དེ་ནི། ཨ་རིས་རྒྱལ་སྤྱིའི་བདེ་དོན་ལ་ཁ་གཡར་བ་ལས་དོན་དུ་རང་དོན་ལྐོག་བཅིངས་བྱེད་ཀྱི་ཡོད་པ་གསལ་བོར་མཚོན་ཐུབ། 

བོད་དོན་དང་འབྲེལ་བའི་གསང་ཡིག་ཅིག་ཏུ། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་རིམ་པས། བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག ཉེ་བའི་དུས་སུ་རྒྱ་གར་དང་ཨ་རི་སོགས་ཀྱི་ཕྱི་འབྲེལ་གསང་བའི་ཡིག་ཆ་དང་། ཉེ་སྔོན་རྒྱ་ནག་གིས་༧གོང་ས་མཆོག་སྐུ་སྒེར་གྱི་གློག་ཀླད་ནང་གསང་འཛུལ་བྱས་པའི་ནག་ཉེས། ཧུའུ་ཅིན་ཐོ་གཙོ་བོར་གྱུར་བའི་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་ཚོའི་བསམ་བློའི་ནང་། དུས་ནམ་ཡང་བོད་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པ་མ་ཟད། ༧གོང་ས་མཆོག་དང་མཉམ་དུ་དོན་འབྲས་ལྡན་པའི་གྲོས་མོལ་བྱ་འདོད་མེད་ལུགས་སོགས་བཀོད་ཡོད།

རྒྱ་ནག་དང་ཨ་རིའི་བར་གྱི་གསང་འཕྲིན་ཞིག་ཏུ་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དང་བྱང་ཀོ་རེ་ཡའི་གནས་བབ། བོད་དོན་སོགས་ཀྱི་ཐད་དུ་ཡང་ཨ་རིའི་གཞུང་གི་སྲིད་ཇུས་ཕྱི་གསལ་ནང་གསལ་མིན་པ་བསྟན་ཡོད། ཨ་རིས་རྒྱ་ནག་གི་དཔོན་རིགས་ཚོའི་སྲིད་ཇུས་ཀྱི་རྒྱབ་ལྗོངས་མ་རྟོགས་པ་མིན་མོད། རྒྱ་ནག་དང་ཚོང་འབྲེལ་གྱི་ཁེ་ཕན་དང་བུ་ལོན་གྱི་མ་རྐང་དུས་ནམ་ཡང་བློས་གཏོང་བྱེད་ཐུབ་ཀྱི་མེད། འདིའི་ཐད་ཨ་རིའི་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་ཐོ་མཱ་སི་ Thomas L. Friedman ཡིས་ཨ་རིས་སོ་སོའི་རྒྱལ་ཁོངས་ནས་རང་ཉིད་ལ་ཞུ་དག་བྱས་མ་ཐུབ་པར་དུ་ཕྱི་དོན་གྱི་ཐད་ནས་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དེ་སྟོང་བསམ་རེད།ཅེས་བརྗོད་ཡོད།

གལ་སྲིད་འདས་པའི་མི་ལོ་སུམ་ཅུའི་རིང་གི་ཨ་རི་དང་རྒྱ་ནག་གི་བུ་ལོན་གཏོང་ལེན་གྱི་སྲིད་ཇུས་དང་། ད་ལྟའི་ཨ་རིའི་ནང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༩༠༠ ལྷག་གི་མ་རྐང་བཏང་ཡོད་པ་དེ་དག་གི་ཤུགས་རྐྱེན་མེད་པའི་དབང་དུ་བྱས་ན། ཨ་རིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་འཛིན་སྟངས་གཞན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་མཐོ་རིམ་དཔོན་རིགས་ཐུག་འཕྲད་སྐབས་རང་ཚུགས་དང་དྲང་བདེན་གྱི་ལངས་ཕྱོགས་ཤིག་འཛིན་ངེས་ཡིན། ཨ་རིས་རྒྱ་ནག་ལ་དངུལ་གྱི་འཛའ་ཐང་སྐོར་ནས་རེ་བ་རྒྱག་གི་མ་རེད་ལ། རྒྱ་ནག་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། ཨ་རིས་ཁ་སྙན་པོ་དང་ཞེ་འཇམ་པོས་རྒྱ་ནག་ལ། བྱང་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་དང་ཕྱོགས་གཉིས་བར་མཐུན་ལམ་ཡོང་ཆེད་ཨ་རི་དང་མཉམ་ལས་བྱ་དགོས་པའི་རེ་འབོད་ཀྱང་བྱེད་མི་སྲིད།

ལོ་ལྔ་བཅུའི་གོང་འཛམ་གླིང་ཧྲིལ་བོ་ཁ་ཕྱོགས་ངེས་ཅན་ཞིག་ལ་ཕྱོགས་ཏེ་སྤྱི་ཚོགས་ཀྱི་རྣམ་པར་བཅོས་སྒྱུར་ཤུགས་ཆེན་པོ་བྱུང་བ་རེད། སྐབས་དེའི་ཨ་རི་རྒྱལ་ཁབ་ལ་དྲང་ཕྱོགས་སུ་ལང་རྒྱུའི་བློ་སྤོབས་ཡོད་ཅིང་། སྤྱི་ཚོགས་བཅོས་སྒྱུར་གྱི་ལམ་ལུགས་ཁྲོད་ནས་མིའི་སྤྱི་ཚོགས་ཀྱི་རིན་ཐང་གོང་མཐོར་ཡོང་བར་ཨ་རིས་ལས་དོན་རླབས་ཆེན་བསྒྲུབས་ཡོད། འོན་ཀྱང་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྣུམ་དང་རྒྱ་ནག་གི་བུ་ལོན་མ་རྐང་ལ་བསྙེས་རྒྱུ་མང་དྲགས་པའམ་འདོད་ཧམ་ཆེ་དྲགས་པའི་དབང་གིས། ལོ་རྒྱུས་རང་བཞིན་གྱི་ཨ་རིའི་བློ་སྤོབས་དེ་རིམ་བཞིན་ཉམས་ཉེས་སུ་ཕྱིན་ཏེ། སྤྲེའུ་ལད་འཁྲབ་མཁས་པའི་དེ་རིང་གི་ཨ་རི་འདི་མངོན་འགྱུར་བྱས་ཡོད་པ་ཐེངས་འདིའི་གསང་བ་ཕྱི་གྱར་གྱི་ཡིག་ཆ་དག་ལས་མི་སྐད་བཤད་ཡོད།

 

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཨ་རིའི་གསང་བ་ཕྱི་གྱར་དང་ཨ་རིར་ལྟ་སྟངས་གསར་པ།

  1. སྐབས་འདིར་ཨ་རིའི་གསང་བ་ཕྱིར་འཆོར་བ་ཡིན་མིན་སྐོར་ལ་ད་དུང་ཡང་དོགས་གཞི་ཡོད། མི་མང་པོ་ཞིག་གིས་གསང་བ་ཕྱིར་འཆོར་བ་ཡིན་ནམ་འཆོར་མདོགས་བྱས་པ་ཡིན་གསལ་པོ་ཤེས་ཐུབ་མེད། མ་ཟད་ཆབ་སྲིད་ཀྱི་གནད་འགག་གི་འཆར་གཞི་མང་པོ་ཞིག་བརྒྱུར་བཅོས་བྱས་ནས་དགོས་མེད་ཀྱི་ཡིག་ཆ་རྣམས་ཕྱིར་འཆོར་མདོག་བྱས་པ་རེད་ཟེར་བ་འདི་ལ་གོ་རྒྱུ་ཡོད་པ་འདྲ།