༢༠༡༠ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་ཕྱོཊ་བསྡུས།

འདི་ག་གསར་ཁང་གིས་ལོ་རེ་རེའི་ལོ་མཇུག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་གནས་ཚུལ། བཙན་བྱོལ། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱི་བཅས་ཀྱི་གསར་འགྱུར་ཆེ་ཁག་ཕྱོགས་བསྡོམས་ཀྱིས་བསྐྱར་སྤེལ་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་ ༼ རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་ཕྱོགས་བསྡུས། བྱས་ཡོད

ཕྱི་ཟླ་ ༡ ཚེས་༡༢ ཉིན་ཧེ་ཋི་ Haiti རྒྱལ་ཁབ་ཏུ་ས་ཡོམ་རིམ་པ་ ༧ ཅན་ཞིག་བརྒྱབས་ཏེ་མི་ཆིག་འབུམ་ལྷག་རྐྱེན་ལམ་དུ་ཕྱིན་ཡོད་ལ། མི་ཁྲི་ ༣༠༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པར་མ་ཟད། རྒྱལ་ས་དང་སྲིད་འཛིན་སྡོད་གནས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དེར། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རོགས་ཚོགས་རྣམས་ཀྱི་མི་རྒྱུ་གཉིས་ཐད་ནས་རོགས་རིམ་བྱས་ཡོད། ས་ཁུལ་དེའི་ཡུལ་མི་མང་ཆེ་བས་མཚོ་འགྲམ་དང་རི་འདབས་སུ་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། མི་འབོར་བརྒྱ་ཆ་ ༩༥ ནི་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་རྒྱུད་པ་དང་། ལྷག་མ་རྣམས་མི་རིགས་དཀར་ནག་འདྲེས་མའི་རིགས་ཡིན་འདུག

 

ཕྱི་ཟླ་༦ ཚེས་༢༥ ཉིན་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་སར་ཚོགས་ཡོད་ཅིང་། རྩེད་འགྲན་དེར་རྒྱལ་ཁབ་ ༣༢ ཀྱི་རྐང་སྤོལ་རྩེད་འགྲན་རུ་ཁག་མཉམ་ཞུགས་དང་། ལྷོ་ཨ་ཧྥུ་རི་ཁའི་གྲོང་ཁྱེར་དགུའི་རྩེད་འགྲན་ར་བ་བཅུའི་ནང་དུ་ཁྱོན་བསྡོམས་འགྲན་ཐེངས་ ༦༤ བརྒྱུད་མཐའ་མའི་འགྲན་བསྡུར་ཁྲོད་ཨང་དང་པོའི་གསེར་བུམ་དེ་སི་པན་རྒྱལ་ཁབ་ལ་ཐོབ་ཡོད་ལ། ཨང་གཉིས་པའི་དངུལ་བུམ་དེ་ནེ་ཐཱར་ལན་ཌི་ལ་ཐོབ་ཡོད།

 

ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་ཕྱི་སྲིད་གསང་བའི་ཡིག་ཆ་ཆིག་འབུམ་ལྔ་ཁྲི་ལྷག་ཝི་ཀེ་ Wikileaks དྲ་རྒྱས་ཕྱིར་བསྒྲགས་བྱས་ཡོད། གསང་འཕྲིན་དེ་དག་རྒྱལ་ཁབ་ཁག་གི་མཐོ་རིམ་དཔོན་རིགས་ཚོས་སོ་སོས་ཨ་རིའི་གཞུང་ཚབ་བརྒྱུད་དེ་བསྐུར་འབྱོར་བྱུང་བ་ཁག་ཅིག་དང་། ཨ་རི་རང་གིས་མཁོ་བསྡུ་བྱས་པའི་རྒྱལ་ཁབ་ཁག་གི་གནས་ཚུལ་བཅས་ཡིན་འདུག་སྟབས། རྒྱལ་སྤྱིའི་སྟེང་གླེང་གཞི་ཆེན་པོ་བྱུང་སྟེ། ཨ་རིའི་གཞུང་གིས་འབྲེལ་ཡོད་སྲིད་གཞུང་ཁག་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད།

 

ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་ཨ་རིའི་མེག་ཟེ་ཁོ་མཚོ་ཁུག་གི་དབྱིན་ཇིའི་རྡོ་སྣུམ་བཟོ་གྲྭ་ BP ཞེས་པའི་སྣུམ་འདོན་ས་ཚུགས་ཤིག་བརྡོལ་ཏེ་བཟོ་ལས་པ་མང་པོ་རྐྱེན་ལམ་དུ་ཤོར་བ་ཙམ་དུ་མ་ཟད། རྡོ་སྣུམ་ཕོན་ཆེན་མཚོ་ནང་ལ་ཤོར་ཏེ་ཕྱི་ཟླ་༧ པའི་ཚེས་༡༥བར་གྱི་ཟླ་གཉིས་ལྷག་རིང་འགོག་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་ལ། ལས་སྣོན་བྱས་མེད་པའི་རྡོ་སྣུམ་མཚོ་ནང་ལ་འདྲེས་པའི་རྐྱེན་གྱིས་མཚོ་འགྲམ་དུ་གནས་བའི་ཊེག་ཟ་སི་དང་ལོའུ་ཟི་ཨཱན་ནཱ་སོགས་ཀྱི་མངའ་སྡེ་མང་པོའི་སྐྱེ་ཁམས་ཁོར་ཡུག་ལ་གནོན་པ་ཚབས་ཆེན་ཕོག་སྟེ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད།

 

ཕྱི་ཟླ་ ༡༡ ཚེས ༡༣ ཉིན་བྱང་ཀོ་རེ་ཡས་དངོས་སུ་ལྷོ་ཀོ་རེ་ཡའི་མཚོ་གླིང་ཡཱེན་ཕེ་ཡོན་ Yeonpyeong Island ཞེས་པར་དྲག་རྒོལ་བྱས་ཏེ། ལྷོ་ཀོ་རེ་ཡའི་དམག་མི་དང་མི་སེར་ལ་ཤི་རྨས་ཐེབས་ཏེ་ཕྱོགས་གཉིས་བར་དམག་འཁྲུག་ལ་སྟ་གོན་བྱས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་སོགས་ནས་ཞི་འཇགས་ཡོང་དགོས་པའི་འབོད་སྐུལ་ཞུས་ཏེ། གནས་སྐབས་རིང་ཞི་འཇགས་བྱུང་ཡོད་ཀྱང་། ཕྱི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་སླར་ཡང་ལྷོ་ཀོ་རི་ཡས་མཁའ་ཐོག་མཚོ་གསུམ་ནས་དམག་སྦྱོང་ཞིག་བྱས་ཏེ། བྱང་ཀོ་རི་ཡར་ཁོང་ཁྲོ་ཆེན་པོ་བསླངས་ཡོད

 

ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་པེ་རུ་ Peru རྒྱལ་ཁབ་ཀྱི་རྩོམ་པ་པོ་མཱ་རེའོ་བར་གྷ་སི་ལེའོ་སཱ་ Mario Vargas Llosa མཆོག་ལ་ཐོབ་སྟེ། འཛམ་གླིང་གི་རྩོམ་པ་པོ་དག་ལ་མིག་དཔེ་གསར་པ་ཞིག་བཞག་ཡོད། དེ་ནི་ཁོང་གི་རྩོམ་རིག་མང་ཆེ་བ་སྲིད་དོན་རྩོམ་རིག་དང་། ཆབ་སྲིད་དཔྱད་བརྗོད་སྐོར་ཡིན་སྟབས་འཛམ་གླིང་རྩོམ་རིག་གི་ཁ་ཕྱོགས་དོན་དངོས་ལ་ཕྱོགས་པའི་གསལ་འདེབས་ལྟ་བུ་ཞིག་ཆགས་ཡོད་འདུག

 

ཕྱི་ཟླ་ ༡༡ པའི་ཚེས་ ༧ ཉིན་ལོ་ངོ་ཉི་ཤུའི་རྗེས་ཀྱི་འབར་མའི་འོས་བསྡུ་ཆེན་མོ་དེ་གནང་ཡོད་ཀྱང་། ཐེངས་འདིར་ཡང་འབར་མ་དྲག་པོའི་གཞུང་གི་སྟངས་འཛིན་འོག་ཤོར་ཏེ། ད་ལྟའི་གཞུང་འཛིན་ཕྱོགས་གཏོགས་༼ འབར་མའི་ཆིག་སྒྲིལ་མཐུན་ཚོགས། ༽ ཟེར་བ་དེར་རྒྱལ་ཁ་ཐོབ་ཡོད་ལ། འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་མ་ཐག་མང་ཚོགས་དང་དམག་མའི་བར་ཟིང་ཆ་ཆེན་པོ་བྱུང་སྟེ། མི་སེར་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་བྲོས་བྱོལ་འགྲོ་དགོས་བྱུང་ཡོད་ལ། འོས་བསྡུ་བྱས་རྗེས་ཀྱི་ཕྱི་ཚེས་ ༡༣ ཉིན་མི་ལོ་ ༢༠ རིང་བཟང་བཙོན་དུ་བཅུག་པའི་འབར་མའི་རང་དབང་འཐབ་རྩོད་པ་ཨང་སན་སུའུ་ཀེ་ཀློད་གྲོལ་བཏང་ཡོད།

 

ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༡༤ བར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དབྱིན་ཇི་མནའ་འབྲེལ་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ལོ་བཞི་རེའི་མཚམས་ཀྱི་ལུས་རྩེད་འགྲན་ཚོགས་ (CWG) ཐེངས་ ༡༩ བ་དེ་ཚོགས་ཡོད་ཅིང་། རྩེད་འགྲན་དེའི་སྟེང་རྒྱལ་ཁབ་ ༧༢ ཙམ་གྱི་རྩེད་འགྲན་པ་དང་། ལྟད་མོ་བ་དྲུག་ཁྲི་ ༦༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད། ཐེངས་འདིའི་ལུས་རྩེད་འགྲན་བསྡུར་ཁྲོད་ཨོ་སི་ཌི་ལི་ཡར་ཨང་དང་པོ་དང་། རྒྱ་གར་ལ་ཨང་གཉིས་པ། དབྱིན་ཇི་ལ་ཨང་གསུམ་པ་བཅས་ཐོབ་ཡོད།

 

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply