ཧུའུ་ཅིན་ཐའོ་ལ་ཨ་རྒྱའི་གནད་དོན་སེལ་བའི་ནུས་པ་མེད།

ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱིས་ཐེངས་འདིར་དངུལ་ལོའི་འཛའ་ཐང་དང་། བྱང་ཀོ་རི་ཡའི་རྡུལ་ཚོན་གནད་དོན། འགྲོ་བ་མིའི་ཐོབ་ཐང་གནད་དོན་བཅས་ལ་གྲོས་མོལ་གནང་འཆར་ཡོད་ཀྱང་། ཆབ་སྲིད་དབྱེ་ཞིབ་པ་དག་གིས་ཧུའུ་ཅིན་ཐའོ་སྲིད་འཛིན་ལས་འཁྱོལ་་ཉེ་སྟབས། ནད་དོན་དེ་དག་སེལ་བའི་ནུས་པ་མེད་སྐོར་བརྗོད་ཡོད།

ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིའི་ཝ་ཤིན་ཊོན་ཉེ་འགྲམ་གྱི་ཨེ་ཧྥོ་སི་མཁའ་དམག་གནམ་ཐང་དུ་འབྱོར་མ་ཐག གནམ་ཐང་དུ་ཡིག་ཐོག་གི་གཏམ་བཤད་ཅིག་སྤེལ་ཏེ། ཁོ་རང་ཐེངས་འདིར་ཨི་རིར་འཚམས་འདྲིར་ཡོང་དོན་ནི རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་མཐོར་འདེགས་དང་མཛའ་འབྲེལ་གོང་སྤེལ། མཉམ་འབྲེལ་གཏིང་ཟབ་བཅས་འབྲེལ་ལམ་ཡར་རྒྱས་སུ་གཏོང་ཆེད་ཡིན་སྐོར་བརྗོད་འདུག ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཀྱང་ཐེངས་འདིར་ཤོག་སྒོར་གྱི་འཛའ་ཐང་དང་། བྱང་ཀོ་རི་ཡའི་གནད་དོན། འགྲོ་བ་མིའི་ཐོབ་སྐོར། ཨ་རག་གི་རྡུལ་མཚོན་གནད་དོན་བཅས་ནི་ཨོ་བྷ་མ་དང་ཧུའུ་ཅིན་ཐོ་གཉིས་ཐུག་འཕྲད་སྐབས་ཀྱི་གླེང་གཞི་གཙོ་བོ་ཡིན་ཟེར།

ཉིན་དེའི་ཞོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་གཙོས་པའི། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༤༠ ལྷག་མཉམ་རུབ་ཐོག རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ནས་ཕོ་བྲང་དཀར་པོའི་བར་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཡུ་གུར་ཚོགས་པ་ དང་། ཐེ་ཝན་གྱི་ཚོགས་པ་ ༡༧   རྒྱ་རིགས་དམངས་གཙོ་ཚོགས་པ་བཅས་ཀྱི་མི་མང་སྟོང་ཕྲག་མང་པོ་ཕོ་བྲང་དཀར་པོའི་ཐང་ཆེན་དུ་འཛོམས་ཏེ། རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་སྐོར་གྱི་འཕྲེད་དར་དང་འབོད་ཚིག་བསྒྲགས་ཏེ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། 

ཉིན་དེརཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སི་མེ་ཐི་ Chris Smith  ལགས་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁྲེ་ལིན་དང་། ཡཱང་ཅིན་ལི། ཧྥུའུ་ཞི་ཆི། ད་ལྟ་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་དམངས་གཙོ་དོན་གཉེར་བ་ཀོ་ཀྲི་ཧྲིན་གྱི་ཟའ་ཟླ་བཅས་ཀྱིས་མཉམ་འབྲེལ་ཐོག ཨ་རིའི་གྲོས་ཚོགས་ཚོགས་ཁང་དུ་རྒྱ་གཞུང་གིས་ཉེས་འགེལ་བཙོན་འཇུག་བྱས་ཡོད་པའི་དམངས་གཙོ་དོན་གཉེར་བ་རྣམས་ཀློད་གྲོལ་གཏོང་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག   

ཕྱི་ཚེས་ ༡༩ ཉིན་ནས་བཟུང་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་གཞུང་འབྲེལ་ལས་རིམ་ཁག་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ལས་རིམ་གྱི་ཐོག་མར་ཨ་རིའི་ཕྲོ་བྲང་དཀར་པོའི་ལྷོ་ཐང་དུ་གཞུང་འབྲེལ་གྱི་མགྲོན་བསུའི་མཛད་སྒོ་ཞིག་ཚོགས་རྗེས། ཕོ་བྲང་དཀར་པོའི་ནང་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་དང་རྒྱ་སྒོར་གྱི་འཛའ་ཐང་། འགྲོ་བ་མིའི་ཐོབ་ཐང་། བྱང་ཀོ་རི་ཡའི་གནད་དོན་སོགས་ལ་བཀའ་བསྡུར་གནང་རྒྱུ་དང་། དེའི་རྗེས་ཕོ་བྲང་དཀར་པོ་རུ་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཐོག ཧུའུ་ཅིན་ཐའོ་ཡིས་ཨ་རིའི་གསར་འགོད་པའི་དྲི་བ་གཉིས་དང་རྒྱ་ནག་གི་གསར་འགོད་པའི་དྲི་བ་གཉིས་བཅས་ལ་ལན་འདེབས་གནང་རྒྱུ་ཡིན་འདུག  ཐེངས་འདིར་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་གི་བཟོ་གྲྭའི་སྡེ་ཁག་གི་འབྲེལ་ཡོད་དཔོན་རིགས་ ༥༠༠ ཙམ་མཉམ་ཁྲིད་བྱས་ཡོད་འདུག་ལ། ཨ་རྒྱ་གཉིས་ཀྱི་བར་དུ་ཚོང་འབྲེལ་གྲོས་ཆོད་ ༤༠ ལྷག་འཇོག་རྒྱུ་ཡིན་འདུག 

དུས་ཡུན་ཉིན་བཞིའི་རིང་ཧུའུ་ཅིན་ཐའོ་ཡི་ཨ་རིའི་རྒྱལ་དོན་འཚམས་འདྲི་དུས་སྐབས་སུ། བོད་རིགས་ཚོགས་པ་ཁག་ ༤༠ ལྷག་དང་། དེ་བཞིན་ཡུ་གུར་ཚོགས་པ་དང་ཐེ་ཝན་རང་བཙན་ཚོགས་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ་བཅས་མཉམ་རུབ་ཐོག  རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་དུ་དྲག་གནོན་དབང་བསྒྱུར་བྱེད་བཞིན་པའི་ཐད་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྣ་ཚོགས་རིམ་པར་སྤེལ་རྒྱུ་ཡིན་པར་མ་ཟད། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་ཀྱིས་ཀྱང་།  རྒྱ་ནག་ནང་རྒྱལ་སྤྱིའི་གནས་འཕྲིན་དྲ་རྒྱ་དང་གསར་འགོད་རང་དབང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་འབོད་སྐུལ་གནང་རྒྱུ་ཡིན་འདུག  

ཆབ་སྲིད་དཔྱད་བརྗོད་པ་སྐོར་ཞིག་གིས་ཐེངས་འདིའི་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་ཡི་གླེང་མོལ་ནི འདས་པའི་ལོ་ངོ་ ༣༠ རིང་གི་ཨ་རྒྱའི་བར་གྱི་ཆེས་གལ་གནད་ཅན་གྱི་གྲོས་མོལ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཀྱང་། ཐེངས་འདིར་ཨ་རྒྱའི་བར་གྱི་གཞི་རྩའི་འགལ་བ་རྣམས་སེལ་ཐུབ་པར་ཡིད་ཆེས་གནང་གི་མེད། དེའི་ཐད་ཨ་རིའི་པོ་ཨིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའུ་ཞིས་བུའུ་ལགས་ཀྱིས། ཐེངས་འདིར་ཨ་རྒྱ་གཉིས་བར་གྱི་གླེང་གཞི་གཙོ་བོ་གཉིས་ནི་རྒྱ་སྒོར་གྱི་འཛའ་ཐང་སྤར་རྒྱུ་དང་བྱང་ཀོ་རི་ཡའི་གནད་དོན་གཉིས་རེད། གླེང་གཞི་འདི་གཉིས་ཀྱི་འགག་རྩ་རྒྱ་ནག་གི་སྟེང་ན་ཡོད། ཧུའུ་ཅིན་ཐའོ་ཡིས་གནད་དོན་དེ་གཉིས་ཐད་ཀྱི་ཨ་རིའི་དགོས་འདུན་ལ་མོས་མཐུན་གནང་མི་སྲིད་པ་དང་། དེ་བཞིན་ཨ་རིའི་ཕྱོགས་ནས་ཀྱང་ཐེ་ཝན་ལ་དྲག་ཆས་གོ་མཚོན་མཁོ་འདོན་མཚམས་འཇོག་བྱ་རྒྱུ་ངོས་ལེན་གནང་གི་མ་རེད། ཅེས་བརྗོད་ཡོད གཞན་ཡང་དབྱེ་ཞིབ་པ་མང་པོས་ཕྱི་ལོ་ ༢༠༡༢ ལོར་ཧུའུ་ཅིན་ཐའོ་ཡི་སྲིད་འཛིན་ལས་བརྗེ་སྤོར་གྱི་དུས་ལ་སླེབས་ཡོད་པས།  དོན་གྱིས་ཁོ་ལ་ཨ་རྒྱ་གཉིས་ཀྱི་འགལ་བ་སེལ་ཐུབ་པའི་དབང་ཤུགས་དང་ནུས་པ་མེད་པར་ངོས་འཛིན་གནང་གི་ཡོད་འདུག 

ཕྱི་ཚེས་ ༡༥ ཉིན་ཝ་ཤིན་ཊོན་གསར་ཤོག་སྟེང་ཨ་རིའི་ཕོ་བྲང་དཀར་པའི་དཔོན་རིགས་ཤིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། རྒྱ་ནག་གིས་མུ་མཐུད་སྨྲ་བརྗོད་རང་དབང་དང་གནས་འཕྲིན་དྲ་རྒྱའི་རང་དབང་ཐད་བཀག་སྡོམ་བྱས་ཚེ། ཨ་རྒྱ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་ལ་གནོད་ཚབས་ཐེབས་སྲིད་པའི་ངོས་འཛིན་གནང་གི་ཡོད་པ་དང་། ཨོ་བྷ་མས་ཐེངས་འདིར་ཧུའུ་ཅིན་ཐའོ་དང་ཐུག་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་གནད་དོན་སྐོར་ཤུགས་ཆེན་པོས་གླེང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག དེ་བཞིན། ཕྱི་ཚེས་ ༡༣ ཉིན་ཕོ་བྲང་དཀར་པོ་རུ་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་བཅས་མི་ མཇལ་འཕྲད་གནང་སྟེ། ད་ལྟའི་རྒྱ་ནག་དཔོན་རིགས་ཚོས་སྲིད་དབང་སྒེར་གཅོད་དང་རུལ་སུངས་ཀྱི་གནད་དོན་གྱིས། རྒྱ་ནག་མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཅི་འདྲ་ཐེབས་ཀྱིན་ཡོད་མེད་ཞིབ་འདྲི་བྱས་ཡོད་པར་མ་ཟད། ཨ་རིས་ངོས་ནས་ཅི་ལྟར་ནུས་པ་འདོན་དགོས་པ་དང་། ཐབས་ཤེས་ག་འདྲ་སྤྱད་དེ་ནུས་པ་བཏོན་ན་ལེགས་མིན་སྐོར་ལ་གླེང་མོལ་བྱས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

7 thoughts on “ཧུའུ་ཅིན་ཐའོ་ལ་ཨ་རྒྱའི་གནད་དོན་སེལ་བའི་ནུས་པ་མེད།

  1. བུ་སྡུག་ཅག bad boy

    ཨ་རིའི་ནང་གི་བོད་པ་ཚོས་ཧུའུ་ཅིང་ཐའོ་ལ་ངོ་ར྄ྒོལ་གནང་བར་ཡི་རང་དང༌།
    ཧུའུ་ཅིང་ཐའོ་གྱི་དཔར་མི་ས྄ྡུག་དེ་འདྲ་བེད་ས྄ྤྱོད་ཀྱི་ཁ་ནས་ཁྲག་འཛར་བ་དེ་འདྲ་བྱུང་ན་ལེགས་ས྄ྙམ།