ཆོས་བརྡ་གསལ་བསྒྲགས།

ཆོས་བརྡ་གསལ་བསྒྲགས།
༄༅། རབ་འབྱམས་རྒྱལ་བའི་གསང་གསུམ་གཅིག་ཏུ་བསྡུས་པ་སྤྲུལ་པའི་རོལ་གར་མཁའ་མཉམ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་རང་ཅག་གངས་ལྗོངས་པ་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ལྷར་བཅས་སྲིད་ཞིའི་གཙུགས་རྒྱན་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག།། ཕྱི་ལོ་༢༠༡༡ཕྱི་ཟླ་གཉིས་པའི་ཚེས་གསུམ། བོད་ལྕགས་སྟག་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་རེས་གཟའ་ཕུར་བུ་ཉིན་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་ཆེེ་ཐོག་ དེའི་ཉིན་སྔོན་འགྲོའི་བཀའ་ཆོས་རིན་པོ་ཆེ་དང་ སྤྱི་ཚེས་བཞི་བོད་ཚེས་གཉིས་རེས་གཟའ་པ་སངས་ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་བཀའ་དྲིན་སྩལ་རྗེས། གཞུང་ཆེན་བཀའ་པོད་ལྔ་ཡི་དམ་གཟིགས་བསྐྱང་རྒྱུ་དང། སྤྱི་ཚེས་ལྔ་བོད་ཚེས་གཉིས་ཕྱི་མ་རེས་གཟའ་སྤེན་པ་ཉིན་དཔལ་རྒྱལ་བ་བྱམས་པ་མགོན་པོའི་རྗེས་གནང་སྩལ་རྗེས་སུ། མགོན་པོ་མཆོག་རྒྱལ་བསྟན་རིན་པོ་ཆེ་དང། བདག་སོགས་མཁའ་མཉམ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་དུ་བརྟན་པར་བཞུགས་པའི་གསོལ་འདེབས་དང་འབྲེལ། བརྟན་བཞུགས་སྟར་འབུལ་ཆོག་པའི་བཀའ་ཁྲོལ་ཞལ་བཞེས་བདུད་རྩིའི་རྒྱུན་བཟང་གུས་འབངས་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཕེབས་པ་ལྟར། གོང་ས་ཆེན་པོ་མཆོག་གི་ཐུགས་རྗེ་བླ་ན་མེད་པའི་གྲིབ་བསིལ་འོག་མཛད་རིམ་འདི་དག་ཉམས་མེད་བསྐྱང་གཏན་འཁེལ་བས་སྐབས་དེར་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཡོངས་ནས་རིན་ཐང་བྲལ་བའི་གོ་སྐབས་འདི་དག་དམ་འཛིན་ཐུབ་པའི་སླད་དུ་གང་མང་ཕེབས་གནང་ཡོང་བའི་ཆོས་བརྡ་གསལ་བསྒྲགས་སུ་ཕྱི་ལོ་༢༠༡༡ཟླ་༡ཚེས་༢ལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོང་གླིང་གྲྭ་ཚང་ནས་མཚམས་འདྲི་དང་བཅས་ཕུལ། །

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply