ཐུགས་གསོའི་འཚམས་འཕྲིན།

ཉེ་ཆར་ཉི་ཧོང་དུ་དུས་རབས་གཅིག་ལྷག་རིང་བྱུང་མ་མྱོང་བའི་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆག་ཚབས་ཆེན་ཞིག་བྱུང་སྟེ། ཡུལ་དེའི་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཏེ་མང་ཚོགས་རྣམས་སྡུག་བསྔལ་གྱི་གནས་སུ་ལྷུང་བཞིན་པའི་སྐབས་འདིར། ཕྱི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་ཉི་ཧོང་སྲིད་བློན་སྐུ་ཞབས་ནཱའོ་ཊོ་ཁན་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག  

གསུང་འཕྲིན་དེའི་ནང་། ངོས་ནས་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་དང་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་གནང་བཞིན་ཡོད། ད་ལྟའི་དུས་འདིར་ཉི་ཧོང་ནང་པ་ཚོས་ཤེས་རབ་སྙིང་པོ་གསོག་འདོན་ཐུབ་ན་འདས་པོར་ཕན་རྒྱུར་མ་ཟད། མ་འོངས་པར་རྐྱེན་ངན་འདི་འདྲ་བསྐྱར་དུ་མི་འབྱུང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། འདིར་ང་ཚོས་གོད་ཆག་བྱུང་མཁན་ཚོའི་ཆེད་ཤེས་རབ་སྙིང་པོ་ཆིག་འབུམ་ལྷག་གསོག་བསྒྲུབ་གནང་རྒྱུ་ཡིན། ཞེས་བཀོད་ཡོད།

ཉིན་མོ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་ཉི་ཧོང་སྲིད་བློན་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཏེ།ཉི་ཧོང་མི་ཡ་གྷི་མངའ་སྡེ་ཁུལ་དུ་རང་བྱུང་གོད་ཆག་ཚབས་ཆེན་བྱུང་སྟེ་ཡུལ་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང།རྒྱུ་དངོས་ཚད་ལས་བརྒལ་བར་གྱོང་གུད་ཕོག་པར་བློ་ཕམ་ཆེན་པོ་བྱུང་ཡོད།བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས།ཤུལ་ལུས་ནང་མི་དང་ཉི་ཧོང་སྤུན་ཟླ་རྣམས་རྐྱེན་ངན་ལས་མྱུར་དུ་གྲོལ་ཐུབ་པར་སྨོན་འདུན་ཞུ་བཞིན་ཡོད་ཅེས།བཀོད་ཡོད་འདུག

                                                                                      གསར་འགོད་པ་དཔལ་ལྡན།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

One thought on “ཐུགས་གསོའི་འཚམས་འཕྲིན།

  1. གཤམ་གྱི་འདི་ནི། སྐུ་སྒེར་དྲ་རྒྱ་ http://www.gyalwarinpoche.com/newsdetail.php?recordID=76 ན་གང་གསལ་བ་དེ་ཡིན། དུས་བབ་ཀྱིས་བཀོད་པའི་གསུང་འཕྲིན་དང་སྐུ་སྒེར་དྲ་ངོས་ཀྱི་གསུང་འཕྲིན་གཉིས་ཚིས་རིས་ཁ་ཤས་དང་ཚིག་དུམ་སྔ་རྗེས་ཀྱང་མ་འདྲ་བ་གཉིས་ཆགས་འདུག གོང་ས་མཆོག་གི་གསུང་འཕྲིན་རིགས་ཡར་སྦྱར་མར་སྦྱར་ཞུ་སྟངས་འདི་འདྲ་དག་ལ་རྗེས་ཕྱོགས་གཟབ་ཙམ་གནང་རོགས་ཞུ་ཡག་ཡིན།

    ༼ཁ་ སང་ཉི་ཧོང་དུ་ས་ཡོམ་ཤུགས་ཆེ་བརྒྱབ་པ་དང་དེ་རྗེས་མཚོ་རླབས་དྲག་པོ་འཕྱུར་ཏེ་ མི་རྒྱུ་གཉིས་ཀར་གོད་ཆགས་ཚབས་ཆེ་བཟོས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ངོས་ རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་།

    ངོས་ ནས་ད་རེས་འབྱུང་བའི་གནོད་འཚེའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་སྨོན་དང་། རྗེས་ཤུལ་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་བྱེད་ཀྱི་ཡོད། ད་རེས་ཉི་ཧོང་གཞུང་གིས་ས་ཡོམ་ཡོང་རྒྱུའི་སྔོན་བརྡ་བཏང་ཐུབ་པ་དེས་མི་མང་ པོའི་ཚེ་སྲོག་ལ་དེ་བས་ཆེ་བའི་གོད་ཆགས་ཡོང་རྒྱུར་སྔོན་འགོག་ཐུབ་པ་བྱུང་ཡོད་ པ་དེ་ལ་ང་ཚོ་ཚང་མས་དྲིན་གཟོ་བྱ་འོས་པ་ཞིག་ཡིན།

    ངོས་ རང་ནང་པའི་དགེ་སློང་ཞིག་ཡིན་པས་རྟག་ཏུ་ཤེས་རབ་སྙིང་པོ་འདོན་གྱི་ཡོད། དེར་བརྟེན་ཉི་ཧོང་ནང་པ་ཚོས་ཀྱང་དུས་སྐབས་འདིར་ཤེས་རབ་སྙིང་པོ་བཏོན་ན་དེས་ ཚེ་སྲོག་ཤོར་བ་རྣམས་ལ་ཕན་ཐོགས་ཡོང་རྒྱུར་མ་ཟད། འབྱུང་འགྱུར་དེ་འདྲའི་གོད་ཆགས་མི་འབྱུང་བའི་སྔོན་འགོག་ཐུབ་རྒྱུར་ཕན་ཐོགས་ ཀྱང་ཆེན་པོ་ཡོང་ངེས་ཡིན། ང་ཚོས་གོད་ཆགས་དེར་དམིགས་ཏེ་རྡ་རམ་ས་ལར་ཤེས་རབ་སྙིང་པོ་འབུམ་གཅིག་གསོག་ འདོན་བྱེད་བཞིན་ཡོད།༽