དགོས་འདུན་ཁས་ལེན་བྱས།

རྒྱ་གར་གྱི་སྤྱི་ཚོགས་གསར་བརྗེ་བ་ཨན་ནཱ་ (Anna Hazare )ལགས་ཀྱི་རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་། འབྱུང་འགྱུར་དེ་རིགས་འགོག་ཐབས་ཀྱི་ཁྲིམས་ལུགས་གསར་བཟོ་དགོས་པའི་དགོས་འདུན་འོག དུས་ཡུན་རིང་པོར་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ཉེ་ཆར་ནས་ཟས་བཅད་ངོ་རྒོལ་ཞིག་མགོ་འཛུགས་བྱས་ཡོད་སྟབས། ཁ་སང་ཕྱི་ཚེས་ ༨ ཉིན་རྒྱ་གར་གཞུང་གིས་ཁོང་གི་དགོས་འདུན་ངོས་ལེན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༥ ནས་སྐུ་ཞབས་ཨན་ནཱ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་ཚོ་ལྡི་ལི་ཇན་ཌར་མན་ཌར་ (Jantar Mantar ) རུ་འཛོམས་ཏེ། དེ་སྔའི་རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ཐེར་འདོན་དང་མ་འོངས་སྔོན་འགོག་ཆེད་ཁྲིམས་ལུགས་གསར་བཟོ། ཁྲིམས་ལུགས་རྩ་འཛིན་ཟིན་བྲིས་ཚོགས་ཆུང་ནང་གཞུང་གི་མི་སྣ་དང་སྤྱི་ཚོགས་གསར་བརྗེ་བའི་འཐུས་མི་གཉིས་ཀ་སླེབ་དགོས་ཤིང་། ཕྱོགས་གཉིས་ཀྱི་འཐུས་མིའི་གྲགས་ཚད་དོ་མཉམ་དང་། ཐག་གཅོད་དབང་ཚད་ཀྱང་འདྲ་མཉམ་ཡོང་དགོས་པ་བཅས་ཀྱི་དགོས་འདུན་བཏོན་ཡོད་པ་དེར། རྒྱ་གར་གྱི་་ཁྲིམས་རྩོད་པ་དང་སྤྱི་ཚོགས་ཞབས་ཞུ་བ། མང་ཚོགས་བཅས་ནས་རྒྱབ་སྐྱོར་གནང་ཡོད།  

རྒྱ་གར་གཞུང་འཛིན་ཚོགས་པ་ཀུང་རེ་སིའི་ཚོགས་གཙོ་སོ་ནྱེ་གྷན་ངྷེ་( Sonia Gandhi ) ལགས་དང་གཞུང་འབྲེལ་སྡེ་ཚན་ཁག་གི་མགོ་ཁྲིད་ཚོས་སྐུ་ཞབས་ཨན་ནཱ་ལགས་ལ་ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཀྱང། སྐུ་ཞབས་ཨན་ནཱ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་གཞུང་གིས་ཁོང་ཅག་གི་དགོས་འདུན་ཁས་ལེན་མ་བྱས་པར་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ཚུལ་བརྗོད་ཡོད།  

དགུང་ལོ་ ༧༢ ལ་སོན་ཡོད་པའི་བགྲེས་སོང་ཨན་ནཱ་ལགས་ཀྱི་དགོས་འདུན་འདིའི་ཐད། རྒྱ་གར་མི་མང་སྟོང་ཕྲག་མང་པོས་རྒྱབ་སྐྱོར་གནང་སྟེ། ས་གནས་དང་མངའ་སྡེ་མང་པོའི་ནང་ལས་འགུལ་གྱི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཕྱི་ཚེས ༨ ཉིན་གྱི་ཕྱི་དྲོར་གཞུང་གི་སྐུ་ཚབ་ཀྱིས་ཨན་ནཱ་ལགས་དང་གྲོས་མོལ་བྱས་ཏེ། ཁོང་ཚོའི་དགོས་འདུན་རྣམས་ཁས་ལེན་བྱས་ཡོད་སྟབས། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་སྐུ་ཞབས་ཨན་ནཱ་ལགས་ཀྱིས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱ་གཏན་འཁེལ་འདུག

ཁ་སང་གི་གྲོས་མོལ་ཚོགས་འདུའི་རྗེས་སུ་ཨན་ནཱ་ལགས་ཀྱིས་ས་གནས་གང་སར་ཡོད་པའི་མི་མང་ལས་འགུལ་བ་ཚོར། ཐེངས་འདིའི་ལས་འགུལ་ལ་གྲུབ་འབྲས་ཆེན་པོ་སོན་པ་འདི་རྒྱ་གར་མི་མང་གི་རྒྱལ་ཁ་རེད། དགོས་འདུན་ལ་གཞུང་གིས་ཁས་ལེན་བྱས་པ་ལེགས་འགྲུབ་མ་བྱུང་བར་ང་ཚོས་ལས་དོན་མཇུག་སྐྱོང་གི་ཡིན། ཞེས་ཁྱབ་བསྒྲགས་བྱས་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “དགོས་འདུན་ཁས་ལེན་བྱས།

  1. ཀརྨ་རྡོ་རྗེ།

    རྒྱ་གར་མི་མང་ལོངས་ཤོག
    ཨན་ནྰའི་བརྒྱབ་ཏུ་ལོངས་ཤོག
    འཕགས་བོད་རུལ་སུངས་ཁོགས་ཅིག
    འཛམ་གླིང་རུལ་སུངས་འགོག་དགོས།